ཉི་འོད་ཀྱི་ཟེར་སྐུད་རྡུལ་གྱིས་མ་བྲན་
པའི་མངའ་རིས།
སྙིང་རྗེས་ཕར་ལམ་དུ་དྲུད།
དྲན་པས་ཚུར་སྣེ་རུ་དྲངས།
སྒལ་ཚིགས་ཤིག་གི་ཕར་རྒྱབ་ཏུ་ལྷུང་བའི་ལྕང་ལོ།
ཨ་ཕའི་ཞེན་ཆགས་དང་ཨ་ན་མ་ན།
གངས་རྒན་མ་མཐོང་གོང་།
གནམ་ས་གཉིས་ཡུག་གཅིག་ཏུ་སྡེབ།
གངས་རྒན་མིག་ལམ་དུ་གསལ་དུས།
གནམ་འོག་ཡོངས་གངས་རྒན་གཅིག་པུས་ཁེབས།
སྲིད་པའི་གངས་རྒན།
ས་ཆེན་ཀྱི་སྙིང་རྩ་རུ་ཟུག
སྒང་པ་མིའི་མགོ་ཐོག་ཏུ་བསྒྲེངས།
ཡར་ཡར་སོང་བས།
རྣམ་ཤེས་གངས་རིར་འཁོར།
མཇལ་ཙམ་བྱུང་བས།
ཚོགས་དྲུག་གངས་རིར་ཐིམ།
གངས་རིན་པོ་ཆེ།༢
རྒོད་པོའི་གཤོག་ཡའང་མ་ཤོང་བའི་མངའ་
རིས་ཀྱི་ནམ་མཁའ།
སྐྱེ་འགྲོའི་འདོད་རྔམ་གྱི་བེམ་པོས་ཁེབས།
ལག་ཡ་ནམ་མཁའ་རུ་བརྐྱངས་ནས།
གངས་རིའི་མཐོ་ཚད་དཔག་རུང་།
སྡིག་སྒྲིབ་ཀྱིས་མར་མར་མནན།
གངས་རྒྱལ་ཏི་སེ།
འབྲོང་དང་རྐྱང་རྒོད་ཀྱི་གཞིས་རྟེན།
སྲིད་པ་མི་ཡི་རྣམ་ཤེས་འཁོར་ས།
མ་ཕམ་མཚོ་ཆེན།
ཏི་སེའི་སྐོམ་པ་སེལ་བྱེད་ཀྱི་ཁ་ཕོར་ཡིན།
སྔོ་ཡུག་ཡུག་དེ་དག།
རིན་ཆེན་གྱིས་བཙོས་པའི་ཆབ་ཀྱི་བདུད་རྩི་ཡིན།
ཡང་ན།
དྲི་ཞིམ་གྱིས་བརྒྱན་པའི་ཆང་གི་མཆོད་པ་ཡིན།
མངའ་རིས་ཀྱི་ནམ་མཁའ་སྟོང་པ་ཡིན།
མཁའ་དབྱིངས་སུ་སྤྲིན་པ་ཡུག་གཅིག་ཀྱང་མི་སྣང་།
མངའ་རིས་ཀྱི་ནམ་མཁའ་སྟོང་པ་མིན།
ཏི་སེའི་གཟི་བྱིན་གྱིས་ཕྱོགས་བཞིའི་འོད་ཟེར་བསྡུ།
ང་ཚོ་ནི་བྱིན་རླབས་ཀྱི་རུམ་ཁ་ན་ཉལ་བའི།
བསོད་ནམས་ཀྱི་སྐྱེ་འགྲོའོ།།