国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྙན་ངག་ལ་འཁོར་ བའི་རྒོད་པོ།

སྙན་ངག་གི་ལྷ་ཆེན་བྱ་གཞུང་དབྱངས་བྷ་ལ་སྤྲིངས་པ།

རྣ་བ་ཡོམ་ཡོམ་དུ་འགུལ་བའི་བྲག་ཅ་དེ།

སྙན་ངག་པས་འཁོར་བའི་མུན་གྲོང་དུ་བྲིས་པའི་

ཡིག་ཚོགས་ཡིན།

སྡུག་བསྔལ་མེད་སར་ན་ཟུག་བཙལ་ཅིང་།

ནམ་མཁའ་མེད་སར་སྦྲང་ཆར་འཇོ་མཁན་ཡང་།

ཁེར་རྐྱང་ལ་གོམས་ལོབས་སུ་གྱུར་པའི་སྙན་ངག་

པའི་མཁའ་དབྱིངས་ཡིན།

གནས་ལུགས་ལ་ཨི་ཁུང་བསྩལ།

སྙན་ངག་ལ་བཤགས་བཅོས་བྱས།

དེ་ནི་སྙན་ངག་འབྲི་བ་ཙམ་ལ་མ་གཡེང་པའི་

སྙན་ངག་པ་ཞིག་གི་མིག་རྒྱང་ཡིན།

ཁུག་མ་སྟོང་པ་ཞིག་ཁྱེར་ནས་རྒྱང་རིང་ལ་བཞུད།

དཔེ་ཆ་སླེ་པོ་གང་བསགས་ནས་རང་ཡུལ་ལ་ལོག།

དེ་ནི་མེ་ཏོག་གི་དྲི་བསུང་ཙམ་ལ་མ་རློམ་པའི་

སྙན་ངག་པ་ཞིག་གི་ཁོག་དབུབ་ཡིན།

ཕ་ས་ཕ་ཡུལ་གྱི་ཟན་འབྲུའི་འོག།

ཤ་ཁྲག་རུས་གསུམ་གྱི་རྒོད་པོ་དེ།

རྩྭ་ལ་འཁོར་ཞིང་ཆུ་ལ་ཐིམ།

དེ་ནི་སྙན་ངག་པ་ཞིག་གིས་རང་ཡུལ་ལ་བཅངས་

པའི་ཞེན་པ་ཡིན།

མུན་པ་ཞིག་ལས་མཆོད་མེ་ཀོང་གང་སྒྲོན།

བྱེ་ཐང་དབུས་སུ་ཆར་གྱི་ཐིགས་པ་ཕབ།

དེ་ནི་ཁེ་ཕན་གྱིས་མ་བསླུས་པའི་

སྙན་ངག་པ་ཞིག་གི་རང་ཚུགས་ཡིན།

དུས་ཚོད་ཀྱིས་ཡོད་ཚད་ཀྱི་ངོ་གདོང་

རབ་རིབ་ཏུ་བཏང་།

གསར་རྙིང་གི་ལམ་ཁའི་མདོ་རུ་

ཁབ་སྐུད་འཁྱེར་བའི་སྙན་ངག་པས།

ཕྱི་ལུགས་མུ་ཏིག་རྡོག་པོ་དག།

རང་ཡུལ་གོས་ཆེན་ཁྲ་མོའི་ཐོག།

ཕྲ་ཡི་རྒྱན་ཆས་ལེགས་བཅོས་མཛད།

དེ་ནི་ལྟ་བར་སྒོ་ལྕགས་མ་ཐེབ་པའི་

སྙན་ངག་པ་ཞིག་གི་བསམ་སྤྱོད་ཡིན།

མི་ཡུལ་གྱི་སྐྱོ་གདུང་དག་འཁྱགས་དྲགས་པས།

རྣམ་ཤེས་ཞི་དུལ་ལ་ཕྱོགས་པའི་རྒོད་པོ་དེས།

རང་ལུས་ཀྱི་ཤ་དྲོད་དང་སྙིང་ཁྲག་གི་ཚ་ཟེར་གྱིས།

འཁོར་བའི་མི་སྡུག་པར་འོད་ཀྱི་ཟེར་

སྐུད་འཐེན་བཞིན་འདུག།

དེ་ནི་ང་ཚོ་ལ་དབང་བའི་སྙན་ངག་གི་ལྷ་ཆེན་ཏེ།

ཡིག་ཚོགས་ཀྱི་བང་རིམ་ལས་ཀྱང་མཐོ་བའི་

སྙིང་རྗེ་ཡི་ཕོ་བྲང་ཡོད།