国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྨི་ལམ་ཐེད་པོ།

འདོད་རྔམ་གྱི་སྡིག་སྒྲིབ་མཐུག་དྲགས་པས།

ནམ་གུང་གི་རྨི་ལམ་དེའང་ཆད་ལྷག་ཏུ་སྣང་ཡོང་།

མེ་ལོང་ཆག་རོ་ཞིག་གི་ངོས་སུ་ལན་མང་

བལྟས་ཀྱང་།

ཁ་ཐོར་དུ་སོང་བའི་རང་ཉིད་མཐོང་གིན་

མི་འདུག།

མི་ཚོགས་ནི་ཤིན་ཏུ་མཐུག་པའི་མུན་པ་

དང་འདྲ་བར།

ཁོ་ཚོའི་མགོ་ཐོག་ཏུ་ཁ་བ་སེན་ཙམ་ཡང་མ་ལྕོགས།

ཕ་ངོ་མི་ཤེས་པའི་བྱེའུ་ཕྲུག་ནང་བཞིན།

ཁོ་ཚོས་རྨི་ལམ་གྱི་བདེན་རྫུན་མ་རྟོགས།

ཁེར་རྐྱང་གི་སྨག་མུན་ཤིན་ཏུ་མཐུག་པས།

མིག་ཆུ་གཅིག་པུས་དྲན་ངོགས་ཀྱི་གདུང་བ་

མཚོན་ཐབས་མི་འདུག།

གནམ་སའི་བར་དུ་ལུས་པའི་ལན་ཆགས་ཀྱི་

གཤོག་པ་དེ་ཚོས།

ཙག་རླུང་གི་རུས་པ་ལ་འབྱར་བའི་རྨི་ལམ།

དུས་ཚོད་དང་ཁེར་རྐྱང་གི་ནམ་མཁའི་

མཐོངས་སུ།

ཉི་མ་ཤར་བ་དང་ས་འོག་ཏུ་དྲུད་ལ།

མུན་པ་རུབ་པ་དང་མཁའ་དབྱིངས་སུ་ཁྱེར་ཡོང་།

སྐྱེ་འཆིའི་ཕོ་བྲང་གིས་བསྲེགས་པའི་ལས་སྐལ་གྱི་

ལྭ་བ་སྨུག་པོ།

དུས་གསུམ་གྱི་གློག་དམར་དཀྱིལ་འཁོར་དུ་

ནུབ་རྗེས།

རྨི་ལམ་དང་མངོན་སུམ་གྱི་སྔུན་རྒྱབ་གང་དུ་ཡང་།

ཁྱོད་དང་ང་ཡི་ངོ་གདོང་མཐོང་ཐབས་མི་འདུག།