འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་སྤྱི་ཟླ7ཚེས21ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ལོ་སྟོད་དུ་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ལྕགས་ལམ་ནས་དངོས་ཟོག་དབོར་ཚད་ཏུན་དུང་ཕྱུར19.8དང་ཉིན་རེར་དངོས་ཟོག་འཇུག་ཚད་རླངས་འཁོར་ཁྲི18.24ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ3.0དང་བརྒྱ་ཆ4.0སོ་སོར་ཟིན་ནས་ལྕགས་ལམ་ནས་ཟོག་འགྲུལ་ཐོན་རྫས་དབོར་བའི་ཞབས་ཞུའི་སྤུས་ཚད་མཐོ་རུ་ཕྱིན་ཡོད།
གཙོ་གནད་དངོས་ཟོག་དབོར་བར་འགན་སྲུང་ནུས་ལྡན་ཐུབ་ཅིང་། ལོ་སྟོད་དུ་རྒྱལ་ཁབ་ལྕགས་ལམ་ནས་རྡོ་སོལ་ཏུན་དུང་ཕྱུར10.2དབོར་བའི་ཁྲོད་གློག་གཏོང་རྡོ་སོལ་ཏུན་དུང་ཕྱུར6.95ཚུད་ཡོད་པས། ལྕགས་ལམ་གྱིས་གློག་གཏོང་བཟོ་གྲྭར་རྡོ་སོལ་གསོག་ཚད་མཐོ་བའི་ཆུ་ཚད་རྒྱུན་འཁྱོངས་ཐུབ་ཡོད། གཏེར་སྐྲུན་རྒྱུ་ཆ་དང་། བཙོ་སྦྱང་གི་དངོས་ཟོག འབྲུ་རིགས་བཅས་དབོར་ཚད་དུས་མཚུངས་ལས་བརྒྱ་ཆ19.7དང་། བརྒྱ་ཆ8.6བརྒྱ་ཆ9.8བཅས་སོ་སོར་འཕར་ཡོད།
ཟོག་འགྲུལ་ཐོན་རྫས་ཞབས་ཞུའི་སྤུས་ཚད་མཐོ་རུ་ཕྱིན་ཞིང་། ལྕགས་ལམ་གྱི95306ལས་སྟེགས་ཀྱིས་རྣམ་པ་མང་བའི་མཉམ་འབྲེལ་སྐྱེལ་འདྲེན་གྱི“མངགས་ཐོ་གཅིག་གི་ལམ་ལུགས”ཀྱི་ཐོན་སྐྱེད་ལམ་ཐིག102བཏོད་པར་ལོ་སྟོད་དུ་རྒྱལ་ཁབ་ལྕགས་ལམ་ནས་རིམ་རྩིས་བརྒྱབ་ན་ལྕགས་ལམ་དང་ཆུ་ཐོག་མཉམ་འབྲེལ་གྱིས་ཚད་ལྡན་དོས་སྒམ་དངོས་ཟོག་ཁྲི825.4དབོར་བ་དེ་དུས་མཚུངས་ལས་བརྒྱ་ཆ18.1འཕར་བ་དང་། “དངོས་ཟོག་སྐྱེལ་འདྲེན་དངུལ་བུན”སོགས་ཟོག་འགྲུལ་དངུལ་རྩའི་ཞབས་ཞུའི་སྤུས་ཚད་མཐོར་གཏོང་དང་ཤོང་ཚད་ཆེར་གཏོང་ལ་སྐུལ་འདེད་བཏང་བར་རིམ་རྩིས་བརྒྱབ་ན་ཚོང་ཤག་ལ་ཡིད་རྟོན་ཆོག་པའི་དངུལ་འབོར་བསྡོམས་སྒོར་དུང་ཕྱུར་199ཐོབ་ནས། སྔོན་དཔག་ལྟར་ན་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་སྒོར་ཁྲི6000ཙམ་གྲོན་ཆུང་ཐུབ་ཡོད་པ་རེད།
ས་ཁོངས་བརྒལ་བའི་སྐྱེལ་འདྲེན་བརྟན་པོ་དང་ཤར་གཏོང་རྒྱུན་འཁྱོངས་ཐུབ་ཅིང་། ལོ་སྟོད་དུ་ཀྲུང་ཡོའི་དུས་གཏན་མེ་འཁོར་བརྟན་པོའི་ངང་བཏང་ནས་ཀྲུང་ཡོའི་དུས་གཏན་མེ་འཁོར7349བཏང་བ་དེ་དུས་མཚུངས་ལས་བརྒྱ་ཆ25འཕར་བ་དང་། ཀྲུང་ལོའི་ལྕགས་ལམ་ནས་རྒྱལ་སྒྲོལ་དངོས་ཟོག་ཏུན་ཁྲི302.9དབོར་བ་དེ་དུས་མཚུངས་ལས་བརྒྱ་ཆ9འཕར་ནས་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད།། ( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)