国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་ཆིན་ཏའོ་རུ་འོས་སྦྱོར་བྱས་ནས་གངས་ཅན་གནས་མཆོག་ཏུ་འགྲུལ་བཞུད་ཡོང་བའི་གདན་འདྲེན་ཞུས།

དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་ཆིན་ཏའོ་རུ་འོས་སྦྱོར་བྱས་ནས་གངས་ཅན་གནས་མཆོག་ཏུ་འགྲུལ་བཞུད་ཡོང་བའི་གདན་འདྲེན་ཞུས།

སྤྱི་ཟླ7ཚེས21ཉིན། རྒྱལ་ལམ318པ་ནས་དཀར་མཛེས་ཁུལ་དུ་འཁོར་གཏོང་ཡུལ་སྐོར་འགྲོ་ཞེས་པ་གཙོ་དོན་དུ་བྱས་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རིག་གནས་ཡུལ་སྐོར་འོས་སྦྱོར་བྱེད་སྒོ་ཆིན་ཏའོ་རུ་གཟབ་རྒྱས་ངང་སྤེལ་བ་རེད། ཆིང་ཏའོ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་དང་།ཡུལ་སྐོར་འགྲུལ་ཁང་བརྒྱ། འཕྲིན་སྦྱོར་ལས་ཁུངས་དང་སྒེར་འཕྲིན་སོགས་ཀྱི་འཐུས་མི་དང་དེ་བཞིན་དཀར་མཛེས་ཁུལ་གྱི་འཐུས་མི་ཚོགས་པའི་ཁོངས་མི་འོས་སྦྱོར་ཚོགས་འདུར་ཞུགས་པ་རེད།

ད་ཐེངས་ཀྱི་བྱེད་སྒོ་དེའི་དམིགས་ཡུལ་ནི་སི་ཁྲོན་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཟབ་མོར་གཏང་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་ཏེ། དཀར་མཛེས་ཁུལ་གྱི་འཕྲེད་བཅད་ཆེན་པོ་དང་། མཛེས་ལྗོངས་ཆེན་མོ། མཉམ་འདྲེས་ཆེན་པོ་བཅས་ཀྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལ་བརྟེན་ནས།G318དངG317འཁོར་གཏོང་ཡུལ་སྐོར་ལམ་ཐིག་བསྐྲུན་ནས་ཁམས་ཀྱི་རིག་གནས་དང་སྐྱེ་ཁམས་མཛེས་ལྗོངས། དམངས་ཕྱུག་ཐོན་ལས་བཅས་མཉམ་འདྲེས་བྱས་ཏེ། འཛད་སྤྱོད་ཀྱི་སྣང་ཡུལ་གསར་པ་ཕྱེས་ཏེ།གནས་མཆོག་དཀར་མཛེས་ཀྱི་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཆེ་རུ་བཏང་ནས། དཔལ་འབྱོར་དར་རྒྱས་ཆེ་ཞིང་འགྲུལ་ཁུངས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེ་བའི་ཧྲན་ཏུང་ཁྲོམ་ར་དང་ལྷག་པར་དུ་ཆིང་ཏའོ་དང་དེའི་མཐའ་འཁོར་ས་ཁུལ་ལ་དཀར་མཛེས་ཁུལ་གྱིས་རྒྱལ་ལམ318པ་ལ་བརྟེན་ནས་འཁོར་གཏོང་ཡུལ་སྐོར་བྱ་ཡུལ་ཐུན་མོང་མ་ཡིན་པ་བསྐྲུན་པའི་ཡིད་དབང་འཕྲོག་ཤུགས་ཁྱོན་ཡོངས་ནས་མངོན་པར་བྱས་པ་དང་ཆབས་ཅིག་གདན་འདྲེན་གྱི་ཞུ་མཆིད་ཀྱང་ཕུལ་བ་རེད།

འོས་སྦྱོར་བྱེད་སྒོ་སྤེལ་ཡུལ་དུ་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལྡན་པའི《འབའ་གཞས》འཁྲབ་སྟོན་གྱིས་ཚོགས་ཞུགས་སྐུ་མགྲོན་ཡོངས་ཀྱི་སྤྲོ་སེམས་བསླངས་པ་དང་། ཡུལ་དངོས་སུ་ཡིད་དབང་འཕྲོག་པའི་འགྲུལ་བཞུད་ཅེས་པའི་དྲིལ་སྒྲོག་གློག་བརྙན་བཏང་ནས་དཀར་མཛེས་ཁུལ་གྱི་རི་ཀླུང་མཛེས་སྡུག་ལྡན་པ་དང་རིག་གནས་སྣ་མང་། རིག་གནས་ཡུལ་སྐོར་བྱེད་སྒོ་ཕུན་སུམ་ཚོགས་པ་སོགས་ཚང་མ་ལ་མྱོང་ཚོར་བྱུང་དུ་བཅུག་པ་རེད།།

(ལྷ་འཛོམས་ཀྱིས་བསྒྱུར།)