འདི་ག་ཚགས་པར་ཁང་ནས་གནས་ཚུལ་འབྱོར་གསལ། སྤྱི་ཟླ7ཚེས21ཉིན་ལ་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དར་མདོར་གློག་རྡུལ་ཚན་རྩལ་སློབ་ཆེན་གྱི་སློབ་གཙོ་ཧུའུ་ཅུན་དང་བཅས་པ་དང་མཇལ་འཛོམས་གནང་ཞིང་སྤེལ་རེས་དང་གྲོས་བསྡུར་གནང་བ་རེད།
ཧྲེན་དབྱང་གིས་ཧུའུ་ཅུན་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་པ་དང་གློག་རྡུལ་ཚན་རྩལ་སློབ་ཆེན་གྱིས་དུས་ཡུན་རིང་པོར་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་འཛུགས་སྐྲུན་ལ་རོགས་རམ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་འབྲེལ་དཀར་མཛེས་ཁུལ་གྱི་གཞི་རྩའི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་ཀྱང་གནང་བ་རེད། ཧྲེན་དབྱང་གིས་དམིགས་འཛུགས་རོགས་སྐྱོར་ལས་དོན་སྤེལ་བ་ནས་བཟུང་གློག་རྡུལ་ཚན་རྩལ་སློབ་ཆེན་གྱིས་ཚན་རྩལ་དང་། ཤེས་ལྡན་མི་སྣ། ཐོན་ཁུངས་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་དང་། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས། སློབ་གསོ་དང་སྨན་བཅོས་ཁྱབ་གདལ་གཏོང་བ། ཁྱད་ཆོས་ལྡན་པའི་ཞིང་ལས་འདེབས་འཛུགས། ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་སོགས་ཀྱི་ཐད་དར་མདོ་གྲོང་ཁྱེར་ལ་རོགས་རམ་འབོར་ཆེན་བྱས་ཡོད། ད་སྔར། དཀར་མཛེས་ཁུལ་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས། རིག་གནས་ཡུལ་སྐོར་དང་ནུས་རྒྱུ་གཙང་མ། ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་སྐྲུན་བཞིན་ཡོད་པ་དེ་ཚན་རྩལ་དང་ཤེས་ལྡན་མི་སྣ། རིག་སྟོབས་བཅས་ཀྱི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད་ཅིང་། གློག་རྡུལ་ཚན་རྩལ་སློབ་ཆེན་ནི་རྒྱལ་ཁབ་ཀྱི“རྩེ་གྲས་གཉིས་”ཀྱི་མཚན་སྙན་ཐོབ་པའི་མཐོ་སློབ་ཡིན་པའི་ཆ་ནས་གློག་རྡུལ་ཆ་འཕྲིན་དང་ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་སུ་མངོན་གསལ་དོད་པའི་ལེགས་ཆ་ལྡན་པས། ཕྱོགས་གཉིས་པོས་སློབ་གྲྭ་དང་ས་གནས་ཀྱི་མཉམ་འགུལ་ལ་སྔར་བས་ཤུགས་བརྒྱབ་སྟེ་རྩེ་རིམ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ཚན་རྩལ་གྲུབ་འབྲས་བསྒྱུར་བ། ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བ། ཨང་ཀའི་ཅན་གྱི་དཀར་མཛེས་ཁུལ་འཛུགས་སྐྱོང་སོགས་ཀྱི་ཐད་ལ་དམིགས་ནས་ཆུ་ཚད་མཐོ་ཞིང་གཏིང་ཟབ་པ། ཁྱབ་ཁོངས་རྒྱ་ཆེ་བ་བཅས་ཀྱི་དངོས་སྒྲུབ་མཉམ་ལས་བྱས་ཏེ་སློབ་གྲྭ་དང་ས་གནས་མཉམ་ལས་ཀྱི་ལེའུ་གསར་པ་མཉམ་དུ་བྲི་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཧུའུ་ཅུན་གྱིས་དཀར་མཛེས་ཁུལ་གྱིས་གློག་རྡུལ་ཚན་རྩལ་སློབ་ཆེན་ལ་རྒྱབ་སྐྱོར་བྱས་པ་དང་རོགས་རམ་ཡོང་མཁན་ལས་བྱེད་པར་སེམས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་སློབ་གྲྭའི་རིག་ཚན་འཛུགས་སྐྱོང་དང་དམིགས་འཛུགས་རོགས་སྐྱོར་ལས་དོན་སྤེལ་ཚུལ་མདོར་བསྡུས་ངོ་སྤྲོད་གནང་བ་རེད། ཁོང་གིས་དཀར་མཛེས་ཁུལ་གྱི་ཐོན་ཁུངས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡིན་ཞིང་འཕེལ་རྒྱས་ཀྱི་འཕེལ་ཁ་སྟོབས་ཆེ་བས། སློབ་གྲྭ་དང་ས་གནས་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་མདུན་ལམ་རྒྱ་ཆེན་པོ་ཡོད། གློག་རྡུལ་ཚན་རྩལ་སློབ་ཆེན་གྱིས་ས་གནས་ཀྱི་དགོས་མཁོར་དམིགས་ནས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱས་ཏེ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཚན་རྩལ་གྲུབ་འབྲས་བསྒྱུར་རྒྱུའི་ཐད་དངོས་སྒྲུབ་མཉམ་ལས་ལ་སྔར་བས་ཤུགས་བསྣན་ཏེ། དམིགས་འཛུགས་རོགས་སྐྱོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ་དཀར་མཛེས་ཁུལ་དང་ལག་གདང་སྦྲེལ་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།།
( ལྷ་འཛོམས་ཀྱིས་བསྒྱུར།)