ཉེ་ཆར། མ་དངུལ་བསྡོམས་འབོར་སྒོར་ཁྲི70བཏང་བའི་ཚན་རིག་ཁྱབ་གདལ་འགྲེམས་སྟོན་ཁུལ་དང་། ཞིབ་འཇུག་དང་སློབ་སྦྱོང་ལག་ལེན་སློབ་ཁང་། དངོས་སླེབས་ཡི་རང་ཅན་གྱི་གསོ་སྤེལ་མྱོང་རོལ་ཁུལ། སྦྲང་མའི་ཐོན་རྫས་རིག་གནས་གསར་འཆར་ཁུལ་སོགས་ནུས་པ་གཅིག་ཏུ་འཛོམས་པའི་ལི་ཐང་གི་མཐོ་སྒང་ཁྱད་ཆོས་ལྡན་པའི་སྦྲང་མའི་ཐོན་ལས་ཚན་རྩལ་སྒོ་ར་ཆུང་ཆུང་གཉེར་སྐྱོང་བྱེད་འགོ་བཙུགས་ཏེ། མཐོ་གྲོང་གི་སྦྲང་རྩི་དེ་བས་ཡངས་ཤིང་རྒྱ་ཆེ་བའི་གར་སྟེགས་སུ་འགྲེམ་པར་རམ་འདེགས་བྱས། ལས་གཞིའི་འགན་འཁུར་པ་ཁྲེན་ཞའོ་ཅོན་གྱིས་བདེ་ཐང་འཛད་སྤྱོད་འདུ་ཤེས་ཁྱབ་གདལ་བཏང་བ་དང་བསྟུན་ནས། ཚང་མས་ལྷད་མེད་སྦྲང་རྩིའི་དགོས་མཁོ་རིམ་བཞིན་ཇེ་ཆེར་འགྲོ་བར་མ་ཟད། ཐོན་ཡུལ་དང་སྤུས་ཚད་ལ་དེ་བས་མཐོང་ཆེན་བྱེད་ཀྱིན་ཡོད། ལི་ཐང་མཐོ་སྒང་གི་ཁོར་ཡུག་ཐུན་མོང་མ་ཡིན་པ་ཡིན་པའི་དབང་གིས་སྦྲང་རྩི་སྤུས་ལེགས་ཐོན་ཐུབ་མོད། འོན་ཀྱང་། ད་སྔོན་ཐོན་ལས་ཀྱི་ཤུགས་རྐྱེན་ཞན་པས། ཚན་རྩལ་སྒོ་ར་ཆུང་ཆུང་བསྐྲུན་པའི་དམིགས་ཡུལ་ནི་སྦྲང་རྩི་ཁྱབ་གདལ་ལེགས་པོ་གཏོང་བ་དང་ས་གནས་དེ་གའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ཆེད་ཡིན་ཞེས་ངོ་སྤྲོད་བྱས།
ལི་ཐང་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སྦྲང་མའི་ཐོན་ལས་ཚན་རྩལ་སྒོ་ར་ཆུང་ཆུང་གིས་དངོས་རྫས་འགྲེམས་སྟོན་དང་འཕྲིན་མང་གསལ་སྟོན་སོགས་ཀྱི་བྱ་ཐབས་བརྒྱུད་ནས་གནད་དུ་འཁེལ་བའི་སྦྲང་མ་གསོ་ཚགས་དོ་དམ་དང་། རིག་ནུས་སྦྲང་ཚང་སྙོམས་སྒྲིག་སོགས་སྔོན་ཐོན་ལག་རྩལ་དང་གསར་གཏོད་སྒྲིག་ཆས་སྟོན་པ་དང་། འཁྱུག་དབྱིངས་དང་མགྱོགས་འཕྲིན་སོགས་ཀྱི་སྟེགས་བུ་ལ་བརྟེན་ནས་ས་གནས་དེ་གའི་སྦྲང་མ་གསོ་མཁན་དང་ཆེད་རམས་པ་གདན་དྲངས་ནས་གསོ་སྤེལ་དང་ལས་སྣོན་གྱི་བརྒྱུད་རིམ་ཧྲིལ་པོ་ཐད་གཏོང་བྱས་ཏེ་འཛད་སྤྱོད་པར་ཐད་ཀ་ལི་ཐང་སྦྲང་རྩིའི་རང་བྱུང་ལྷན་སྐྱེས་དང་སྤུས་ཚད་བཟང་པོ་ཡིན་པ་མྱོང་ཚོར་ཐུབ་ཏུ་བཅུག་ཡོད།
ཚན་རྩལ་སྒོ་རའི་ནང་ད་དུང་སྦྲང་མ་གསོ་སྤེལ་མྱོང་རོལ་བྱེད་ས་ཇུས་འགོད་བྱས་ཡོད། ཡུལ་སྐོར་བ་ཚོས་ཆེད་ལས་ཀྱི་མཛུབ་ཁྲིད་འོག་སྦྲང་མའི་གོམས་གཤིས་ལ་ལྟ་ཞིབ་དང་སྦྲང་རྩི་འཚོལ་བསྡུ་བྱེད་ཚུལ་ལ་ལྟད་མོ་ལྟ་ཆོག། སྦྲང་མ་ཉར་གསོ་ལས་གཞི་ཡིན་ན་ཡུལ་སྐོར་བར་ཆེད་དུ་དབང་བའི་སྦྲང་ཚོགས་ཡོད་པ་དང་སྦྲང་ཚོགས་ཀྱི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པར་མ་ཟད་སྦྲང་རྩི་ཡང་ལེན་ཆོག། རིག་གནས་གསར་གཏོདDIYབྱེད་སྒོ་བརྒྱུད་དེ་སྦྲང་ཚིལ་སོགས་རྒྱུ་ཆ་སྤྱད་ནས་ལག་ཤེས་བཟོ་རྩལ་ཐོན་རྫས་བཟོ་ཆོག། རྒྱལ་ལམ318པའི་ཡུལ་སྐོར་ལམ་ཐིག་ལ་བརྟེན་ནས་གསར་དུ་སྤེལ་བའི“བྲོ་མངར318”པའི་ལས་གཞིའི་སྦྲང་མ་གསོ་སྤེལ་ཚན་རིག་ཁྱབ་གདལ་མྱོང་རོལ་ཁུལ་དུ་ཡུལ་སྐོར་བས་སྦྲང་རྩི་དཀྲུགས་པ་དང་སྦྲང་རྩི་སོ་མ་ལ་རོལ་མྱོང་བྱ་ཆོག། ད་དུང་ཚན་རྩལ་སྒོ་རས་རིགས་པའི་གཞུང་ལུགས་དང་དངོས་སྤྱོད། གཉེར་སྐྱོང་བཅས་ཀྱི་བྱེད་ཐབས་བརྒྱུད་དེ། ལག་རྩལ་དང་གཉེར་སྐྱོང་ཤེས་པའི་ཤེས་ལྡན་མི་སྣ་བསྐྱངས་ནས་ཐོན་ལས་རིམ་སྤོར་ལ་འདེགས་སྐྱོར་བྱེད་ཀྱིན་ཡོད།
སྒྲོལ་མ་ཆོས་སྒྲོན་གྱིས་ང་ནི་ད་ལོར་སློབ་མཐར་ཕྱིན་པའི་སློབ་ཆེན་སློབ་མ་ཞིག་ཡིན། ད་ལྟར་ལི་ཐང་སྦྲང་རྩི་གསོ་སྐྱོང་བཟོ་གྲྭ་རུ་ལས་ཀ་བྱེད་བཞིན་ཡོད། དུས་རྒྱུན་གྱི་ལས་ཀ་གཙོ་བོ་ནི་སྦྲང་རྩི་གསོ་མཁན་ལ་སྦྲང་རྩི་དང་འཚག་རྒྱག་པའི་སྦྲང་ཚིལ་ལེན་རོགས་བྱས་ཏེ་འདག་རྫས་དང་མཆུ་རྩི་བཟོས་ནས་ཕྱིར་ཚོང་བྱེད་པ་ཡིན། དུས་མཉམ་དུ་ས་གནས་དེ་གའི་མི་སེར་ཚོར་སྦྲང་རྩི་གསོ་བའི་ཤེས་བྱ་ཁྱབ་གདལ་གཏོང་བཞིན་ཡོད་ཅེས་བཤད། ལི་ཐང་མཐོ་སྒང་ཁྱད་ཆོས་ལྡན་པའི་སྦྲང་མའི་ཐོན་ལས་ཚན་རྩལ་སྒོ་རས་ཚན་རྩལ་གཙོ་བོར་འཛིན་པ་དང་། ལག་རྩལ་ནུས་བསྒྱུར། སྣ་མང་མཉམ་འདྲེས་བྱས་པར་བརྒྱུད་སྦྲང་རྩིའི་ཟོང་རྟགས་མཚན་སྙན་ཇེ་གྲགས་སུ་བཏང་ཐུབ་པར་མ་ཟད། ཡུལ་སྡེའི་གསོན་ཤུགས་ཀྱང་སྐུལ་སྤེལ་བཏང་ཡོད། ཁྲེན་ཞའོ་ཅོན་གྱིས་མ་འོངས་པར་ང་ཚོས་མུ་མཐུད་དེ་ཐད་གཏོང་བརྒྱུད་ནས་དྲིལ་སྒྲོག་བྱ་རྒྱུ་དང་། ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཐོན་ལས་ཀྱི་གཞི་ཁྱོན་རྒྱ་སྐྱེད་བཏང་སྟེ་ལི་ཐང་སྦྲང་མའི་ཐོན་ལས་དེ་འགྲན་རྩོད་ནུས་པ་ལྡན་པའི་དགེ་མཚན་ཅན་གྱི་ཐོན་ལས་ཤིག་ཏུ་བསྒྱུར་ནས་ཡུལ་མི་དེ་བས་མང་པོར་ཕན་ཐོགས་རྒྱུའི་རེ་བ་ཡོད་ཅེས་བཤད་དོ།།
( སྐལ་བཟང་རྒྱ་མཚོས་བསྒྱུར།)