༡
“མོ་ལོ་ངོ་བཅུ་དགུ་ལ་བུད་ཙམ་རེད། ཨ་ཁ་ཤ་ཚ། ད་ལྟ་ནས་ཡུགས་སར་གྱུར་པ་རེད།”
“ཅི་ཟེར་ལྟས་ངན། མོས་བསྐྱར་དུ་ཁྱོ་ག་བཙལ་རྒྱུ་རེད། མོ་ལ་དེ་ལྟར་འབོད་མི་རུང་།”
“དཔེ་མི་སྲིད། མོའི་གཤིས་ཀ་འུ་ཚོར་རྒྱུས་ཡོད། ད་ནི་མོའི་སེམས་པ་ཡང་ཤི་ཚར་བ་རེད།”
ཁྱོད་ཀྱིས་ཡང་བསྐྱར“བུ་མོ་ལས་ངན་མ་དེ། དཀོན་མཆོག་ལ་སྙིང་རྗེ་མི་འདུག”ཟེར་བཞིན་མགོ་བོ་གཡུགས་གཡུགས་བྱས། མཚམས་དེར་སློབ་གྲོགས་གཞན་ཞིག་ཐོན་ཏེ་ཁྱོད་གཉིས་ལ་ཁ་བརྡ་གློད་བྱུང་། “ཁྱོད་གཉིས་འགྲོ་འམ། སློབ་གྲོགས་གཞན་དག་གཡང་ཊིར་བལྟ་བར་སོང་ཐལ།”
“འགྲོ་རྒྱུ། ངེད་གཉིས་ཀྱང་འགྲོ་རྒྱུ།”
“མི་འགྲོ། ང་མི་འགྲོ། ཁྱོད་གཉིས་སོང་།”
ཁྱོད་ཀྱིས་རང་ཉིད་གཡང་ཊིར་བལྟ་བར་མི་འགྲོ་བའི་རྒྱུ་མཚན་ཅི་ཡང་མི་བཤད་མོད། ཡིན་ཡང་མོ་ལ་བལྟ་རུ་འགྲོ་དགོས་པའི་རྒྱུ་མཚན་ཅི་ཡང་མི་རྙེད། ཤི་སོང་བ་དེ་གཡང་ཊིའི་ཁྱོ་ག་མིན་པ་རང་ཉིད་ཡིན་ན། ཡང་ན་རང་ཉིད་ཀྱི་ཚེ་སྲོག་སྤྱད་དེ་ཁོ་རང་སླར་ཡང་བསྐྱར་གསོན་ཐུབ་པ་བྱུང་ན། ད་གཟོད་རང་ཉིད་གཡང་ཊིར་བལྟ་རུ་སོང་ན་འགྲིག་སྙམ། འོན་ཀྱང་འཆར་རྟོག་འདི་དག་དོན་དངོས་དང་སྦྱར་ཐབས་མེད་དེ། ཨ་མས་བྱིན་པའི་ཚེ་སྲོག་གཅིག་པུ་མི་རྟག་པའི་དབང་དུ་སོང་རྗེས་ད་ནི་བསྐྱར་གསོན་ལ་རེ་བ་ཏིལ་འབྲུ་ཙམ་ཡང་ཡོད་མི་སྲིད། དེ་བས་ཁྱོད་ཀྱིས་གནམ་མཐར་ཅེར་ཏེ་མིག་ཆུ་རྦབ་རྡོ་ལྟར་དུ་འགྲིལ་བ་ལས་སྐད་ཆ་ཅི་ཡང་བཤད་མ་བྱུང་། ཁྱོད་ཀྱི་སེམས་པས་རྙིད་ཟིན་པའི་མེ་ཏོག་ཅིག་གི་མི་སྡུག་པའི་གཉེར་མ་དང་ཕྱིར་དྲན་གྱི་མིག་ཆུའི་ནང་དུ་གཡང་ཊིའི་ཞལ་རས་འཆར་ཡོང་སྙམ་པ་བྱེད། ཁྱོད་ཀྱི་རྟོག་པ་རྒྱ་ཡན་དུ་འཕྲོས་ཏེ། འདས་ཟིན་པའི་འཚོ་བ་དང་ད་ལྟའི་གནས་ཚུལ་གཞི་གཅིག་ཏུ་འདྲེས་ཏེ་གཡང་ཊི་སྔར་བཞིན་ལང་ཚོའི་གསོན་ཤུགས་དང་ལྷན་དུ་དགོད་བཞིན་འདུག་པའི་རྣམ་པ་ཤར། ས་རུབ་ཏེ་རྒྱང་མིག་ཆད་ཟིན་ན་ཡང་ཁྱོད་རང་རྡོག་ལམ་གང་དུའང་བགྲོད་པའི་ཡི་ག་ཆད་འདུག།
༢
“མི་ཡུལ་ནི་ཡུགས་ས་མ་དང་དྭ་ཕྲུག་ཚོའི་དམྱལ་ཁམས་ཡིན་པ་རེད།
མ་ཟད་བདག་མེད་པའི་རྒས་འཁོགས་དང་དབང་པོ་སྐྱོན་ཅན་ཚོའི་དུར་ས་ཡང་ཡིན།”
ཁྱོད་རང་གཅིག་པུ་ཆང་ཁང་དེར་སོང་ནས་སེམས་ཚིམས་པ་ཞིག་ངུ་བཤད་བྱས། དེའི་རྗེས་སུ་བཟི་གཏམ་དང་འདྲ་བའི་ལབ་བརྡོལ་གང་མང་བྱས་ཏེ་མིའི་ཚུགས་ཀ་ཤོར་བའི་ཆང་རྐྱལ་གཞན་དང་འདྲ་བར་སྐབས་རེར་ངུས་ལ་སྐབས་རེར་བགད།
སྐབས་དེར་གློ་བུར་ལྟག་རྒྱབ་ནས་སྐད་ཅོར་བརྒྱབས་བྱུང་།
“ཁྲེལ་མེད། སྔོན་ཆད་མི་བཟང་པོ་ཞིག་ཏུ་བརླམས་པར་འགྱོད་པ་སྐྱེས་ཀི”
“ང་ལ་སློབ་གྲོགས་ཁྱོད་ལྟ་བུ་ཕྱི་འཇམ་ནང་རྩུབ་ཅིག་ཡོད་པ་ངོ་ཚ་གི”
“ཡ་རྒྱོབས། ཁོའི་མགོ་ལ་རྒྱོབས།”
ཡང་ཡང་དུ་ཐོས་མྱོང་བ་འདྲ་བའི་སྐད་ཅོར་དེ་ཚོ་ངར་ཤུགས་དང་ཚིག་རྩུབ་ཀྱིས་ཁེངས་འདུག། ཁྱོད་རང་འགུལ་མེད་ཀྱི་བེམ་པོ་ཞིག་དང་འདྲ་བར་འབོལ་ཁྲིའི་ཐོག་ཏུ་ནར་ནར་དུ་བསྣར་འདུག་པས་ཁོ་ཚོས་པང་གཅལ་ཐོག་ཏུ་ཡར་འདྲུད་མར་འདྲུད་བྱས། མ་ཟད་སྟོབས་ལྡན་སྨྱོན་པས་ཤེལ་དམ་སྟོང་པ་མགོ་ལ་བཞུས་པས་ཁྱོད་རང་ཤི་ལུས་ཤིག་དང་འདྲ་བར་རང་ཚུགས་མེད་པར་གྱུར། དེའི་རྗེས་སུ་ཁྱོད་ཀྱི་གྲལ་མཚེས་སྐལ་བཟང་ཐོན་བྱུང་།
“ཁོ་ལག་དམར་མ་རེད། ཁོ་ལ་ཉེས་པ་ཅི་ཞིག་ཡོད་དམ། ཁྱོད་ཚོ་སྨྱོས་པ་མིན་ནམ།”ཞེས་སློབ་གྲོགས་ཚོ་ཕར་ཙམ་དེད་རྗེས་སུ་ཁྱོད་ཀྱི་གམ་དུ་བཅར།
“སུ་ཞིག་སྨྱོས་འདུག་གམ། མི་ཁྱི་སྐྱག་འདྲ་བ་དེར་འགེབས་སྲུང་བྱེད་མི་འོས།”
“གལ་ཏེ་ཁོས་སྔོན་ཆད་གཡང་ཊི་ལ་སེམས་ཁུར་གྱི་རྣམ་འགྱུར་དེ་ཙམ་བསྟན་མྱོང་མེད་ན། སློབ་གྲྭ་འདིའི་སློབ་མ་ཕུལ་བྱུང་བཟང་སྤྱོད་ཅན་གྱི་ཚུལ་བཟུང་མེད་ན་ང་ཚོས་གཅར་བརྡུང་བྱེད་མི་སྲིད།”
“རེད། རེད། ཁོ་རང་མི་སེམས་མི་ཤེས་པའི་ཕྱི་ཚུལ་རིང་ལུགས་པ་རེད།”
ཁོ་ཚོས་འདི་ལྟར་མཚམས་མི་ཆད་པའི་རྩོད་གླེང་བྱེད་སྐབས་ཁྱོད་ཀྱི་ཟ་འགྲམ་ནས་དམར་ནག་ཏུ་གྱུར་པའི་ཁྲག་དག་ལམ་ཆེན་ལམ་ཆུང་བརྒྱུད་དེ་ནུར་བཞིན་འདུག།
༣
ཁྱོད་ཀྱི་བསམ་ཡུལ་ལས་འདས་པ་ཞིག་ལ་རང་ཉིད་སློབ་གྲྭའི་སྨན་ཁང་དུ་ཡོད་པས་མི་ཚད་གཡང་ཊི་དང་ཁང་མིག་གཅིག་ཏུ་ཁེལ་འདུག་པ་དེ་རེད། དང་ཐོག་མིག་ཟུང་གིས་མཐོང་ཡོང་བ་ནི་ཟུར་གྱི་ནད་ཁྲི་དང་དེའི་གམ་ན་འགྲེང་ཡོད་པའི་ནད་གཡོག་མ་བཅས་རེད། ཞིབ་ཏུ་བལྟས་པས་ནད་ཁྲིའི་གམ་གྱི་སྐྱེས་མ་ནི་གཡང་ཊིའི་ཨ་མ་ཡིན་པ་གསལ་ཐག་ཆོད་བྱུང་བས། ད་གཟོད་རྣམ་རིག་ཇེ་རྒོད་དུ་གྱུར་ཏེ་རང་ཉིད་འདི་ལྟར་ཅི་ཡིན་འདི་ཡིན་མེད་པར་གཡང་ཊིའི་གམ་དུ་ཡོད་པ་རྟོགས། ཁྱོད་ཀྱིས་མལ་ཐུལ་གྱི་ཁ་རྒྱན་ནས་འཐེན་ཏེ་རང་ཉིད་སྦས་ཐབས་བྱས། དེའི་རྗེས་སུ་མི་མང་པོ་ཞིག་ནང་དུ་འཛུལ་ཡོང་བ་རྟོགས། དེ་ནས་གཉོམ་ལ་ཕྲ་བའི་སྐད་ཅིག་གིས།
“སང་ཉིན་དུར་མཆོད་ལ་ཁེལ་འདུག། ཨ་ཕའི་རེ་བ་ཡིན་ན་ཁྱོད་རང་སང་ཉིན་དུར་མཆོད་དུ་མི་ཞུགས་རྒྱུ་དེ་རེད།”
གཡང་ཊིས་སྐད་གདངས་ཤིན་ཏུ་དམའ་བས་ལན་ཅི་ཞིག་བཤད་པ་མི་ཐོས་མོད། ཡང་བསྐྱར་མོའི་ཕུ་བོའམ་ནུ་བོ་ཡིན་ཡིན་འདྲ་བའི་མི་དེས།
“ གཅེས་ཕྲུག་མ། ཁྱིམ་ཚང་གི་ཁར་ཉོན། མུ་མཐུད་ནས་དེ་ལྟར་སོང་ན་ལུས་སེམས་གཉིས་ཀས་ལྕོགས་མི་སྲིད།” སྐད་ཆ་དེ་ཚར་རྗེས་སྐྱེས་པ་དེ་ཡང་ངུ་སྐད་གྲག་བྱུང་།
“ ཁྱོད…ཁྱོད་ངེད་ཀླུ་འབུམ་ཚང་གི་གཅེས་ཕྲུག་ཡིན་པར་མ་ཟད་ཀླུ་ཚ་སྡེ་བའི་མེ་ཏོག་ཡིན།”
མི་དེའི་མགྲིན་པ་མཆི་མས་བརྣངས་ཏེ་ཚིག་དག་ངག་ནས་འཁྲོལ་དཀའ་བར་གྱུར། དེ་རྗེས་ཁང་མིག་དེའི་ནང་དུ་ངུ་ཤུམས་ལས་གཞན་ཅི་ཡང་མེད་པར་གྱུར། ཁྱོད་ཀྱིས་འདྲ་གཟུགས་ཅི་ཡང་མེད་པའི་མུན་ནག་ལ་ཅེར་ཏེ། བརྗོད་དོན་ཅི་ཡང་མེད་པའི་ངུ་ངག་ལ་ཡུན་རིང་ཉན་དགོས་བྱུང་།
༤
མུན་ནག་གི་ཡོལ་བ་ཕྱེས་རྗེས་སྐྱ་རེངས་ཀྱི་འཛུམ་མདངས་མངོན་ཀྱང་ཁང་མིག་གྲུ་བཞི་དེར་སྔར་བཞིན་སྐྱོ་སྡུག་གི་དུད་ཞགས་འཁྲིགས་ཏེ་བུ་མོ་ཞིག་ངུ་བའི་སྒྲ་ལས་ཅི་ཡང་ལྷག་མི་འདུག། ཁྱོད་རང་མཚན་གང་པོར་གཉིད་ཁུག་མེད་སྟབས་ངུ་ངག་དེ་ནི་ཤ་སྦྲང་ཞིག་འཕུར་བའི་སྒྲ་རུ་སྙམ་ཏེ་སུན་སྣང་སྐྱེ་བ་ཞིག་བྱུང་། ཡིན་ཡང་གློ་བུར་དུ་ཁང་མིག་ཆུང་ཆུང་དེར་མི་མང་པོ་འཚང་སྟེ་ལ་ལ་ཤེད་ཀྱིས་ངུ་བ་དང་། ལ་ལས་སྐད་ཅོར་བརྒྱབས་བྱུང་། ཁྱོད་རང་འཇིགས་སྔངས་དང་ལྷན་དུ་ཙོག་སྐབས་སུ་མི་ཞིག་གིས།
“ངས་ཁྱོད་ལ་ཞུ་བ་བྱེད། འདས་ཚར་བ་ཐམས་ཅད་འདས་ཚར་བ་རེད། ཅིས་ཀྱང་འདི་ལྟར་བསྒྲུབ་མི་རུང”ཟེར་བཞིན་གཡང་ཊི་དམ་དུ་བཟུང་འདུག། ཁྱོད་རང་ཅི་ཡིན་འདི་ཡིན་མེད་པར་གཡང་ཊིའི་གམ་དུ་འབྱོར་དུས་མོས་ལན་བུ་གཉིས་བཀོག་ཚར་བས་མ་ཚད། ངོ་གདོང་སེན་མོས་འབྲད་པའི་ཤུལ་ནས་ཁྲག་གི་མཚོ་མོ་རྡོལ་བཞིན་འདུག། ཁྲག་ཐིགས་རེ་རེ་ནས་ལྭ་བ་དཀར་པོ་དེའི་ཐོག་ཏུ་ལྷུངས་རྗེས་ཚོས་མདོག་ནུས་ཅན་ཞིག་དང་འདྲ་བར་དམར་ཡུག་ཡུག་ཏུ་བསྒྱུར་འགྲོ། ཁྱོད་ཀྱིས་སྐད་ཤུགས་ཕྱུངས་ནས།
“འགྲོ། ངས་ཁྱོད་རང་དུར་མཆོད་དུ་འཁྲིད་ཐུབ། ཁྱོད་རང་མ་སོང་ཚེ་འདས་པོའི་རྣམ་ཤེས་བདེ་མི་སྲིད།”
“རྫུན་མ་བཤད་རོགས། འདས་པོའི་རྣམ་ཤེས་ལྷ་ཡུལ་དུ་ཡོད་པ་རེད། ད་ནི་གནས་འདི་རུ་ཡོད་མི་སྲིད།”
ཡང་ཁ་སང་གི་སྐྱེས་པ་དེས། “ཁྱོད་སུ་ཡིན། ཕར་ཙམ་ཕེབས་རོགས། འདི་ན་ཁྱོད་དང་འབྲེལ་བའི་གནས་ཚུལ་ཅི་ཡང་མེད།” ཅེས་སྐྱེས་པ་གཞན་དེའི་རྒྱབ་སྐྱོར་གྱི་ཚུལ་དུ་ལབ་ཡོང་བ་ནི་ཆག་སྒོ་ཞིག་ཏུ་གྱུར་སོང་། ཁྱོད་རང་ཤིན་ཏུ་ཁྲོས་ཏེ་ཅི་ཡང་བསམ་རྒྱུ་མེད་པར་མི་དེའི་འགྲམ་པར་ཁུ་ཚུར་བཞུས། གལ་ཏེ་སློབ་གྲོགས་རྒྱུས་ཡོད་ཚོས་གནས་ཚུལ་འདི་ཐོས་ན་བདེན་ཁ་སྦྱིན་མི་སྲིད་དེ། ཆེས་དུང་ཞེན་ཡོད་པའི་གཡང་ཊིའི་ཕུ་བོ་ལྟ་ཞོག། འབྲེལ་མེད་ཀྱི་མི་ཞིག་ལའང་ཁྱོད་ཀྱིས་ཁུ་ཚུར་བཞུས་པ་རེད་ཅེས་བརྗོད་ན་ཡང་ཡིད་ཆེས་བྱེད་མི་སྲིད། ཁོ་ཚོས་མི་གཞིའི་ཀུན་སྤྱོད་ལ་ནམ་རྒྱུན་བདག་དམ་བྱེད་པའི་ཁྱོད་ཀྱིས་ཚད་ལས་འདས་པའི་བྱ་སྤྱོད་འདི་ལྟར་སྤེལ་བ་རེད་ཅེས་བརྗོད་ན་གཏན་ནས་ཡིད་ཆེས་བྱེད་མི་སྲིད།
༥
ཁྱོད་ཀྱིས་གཡང་ཊི་དུར་མཆོད་བྱ་སར་འཁྲིད་ཐུབ་པ་ལྟ་ཞོག། ཐ་ན་རང་ཉིད་ཀྱང་ཉེན་རྟོག་ཁང་དུ་འགྲོ་དགོས་བྱུང་། མ་ཟད་མོའི་ཁྱིམ་ཚང་ལ་དགོས་མེད་ཀྱི་རྙོག་གྲ་མང་ཙམ་བཟོས་འདུག། ཁྱོད་རང་ཉེན་རྟོག་ཁང་དུ་ཁྲིད་རྗེས་གཡང་ཊིར་རང་གི་ཨ་ཅེས།
“ཁོ་ཚོ་དང་མ་འགྲོགས་ཅེས་བཤད་ནས་ཅི་ཙམ་ཡིན། ད་ལྟོས་དང་ཁྱོ་གས་ཁྱོད་རང་ཤི་མིན་གསོན་མིན་དུ་བསྐྱུར། ད་རུང་ཁོས་མུ་གེའི་ཐོག་ཏུ་ཟླ་ལྷག་གི་ཚུལ་དུ་འུ་ཚང་ལ་གནས་ཚུལ་ལྷག་མོ་བཟོ་ཡོང་། ཡོད་ཚད་ཁྱོད་ཀྱི་འགོ་བརྩམས་པ་ནས་འཆུག་སོང་བ་རེད”ཅེས་གཡང་ཊིར་ལེ་འདེད་བྱས་སོང་།
ཁྱོད་ཀྱི་མིག་སྔར་ཤར་ཡོང་བ་ནི་སྣེ་མོ་འཛིང་བའི་སྐྲ་ཚོགས། ཁྲག་གིས་བརྒྱན་པའི་ངོ་གདོང་། ད་རུང་ཁྱོད་དང་སྐྱེས་པ་དེ་གཉིས་འཐབ་འཛིང་བྱེད་སྐབས་སུ། ཅི་ཡང་མི་སྨྲ་བར་ཁ་རོག་གེར་ཧད་དེ་བསྡད་པའི་གཡང་ཊིའི་ཚུགས་ཀ་དེ་དག་རེད། སྔོན་ཆད་ཁྱོད་ཀྱིས་ཡང་ཡང་བྱིལ་བྱིལ་བྱེད་འདོད་ཅིང་འོ་བྱེད་པར་ཞེན་པའི་མོའི་དཀར་འཇམ་གྱི་ངོ་གདོང་ནི། གཡུལ་འཁྲུགས་རྗེས་ཀྱི་གྲོང་ཤུལ་དང་འདྲ་བར་མིག་གིས་ཀྱང་ལྟ་མི་བཟོད་པ་ཞིག་ཏུ་གྱུར་འདུག། ད་རུང་ཁྱོད་རང་ཤིན་ཏུ་ཁྲོས་ཡོད་ཅིང་ཁྲོ་བ་དེ་ནི་ཅིའི་ཕྱིར་དུ་བྱུང་བ་དང་། ཡང་སྙིང་རང་ལ་ཁྲོས་པ་ཡིན་ནམ་གཞན་ལ་ཁྲོས་པ་ཡིན། དེ་ནི་ཁྱོད་རང་གིས་ཀྱང་བཤད་མི་ཤེས་པ་འདུག། ཁྱོད་ཀྱིས་ཁྲིམས་དཔོན་ལ།
“མོས་དཀོན་མཆོག་གི་སྙིང་རྗེ་ལ་ངོ་རྒོལ་བྱས་ཏེ་དུར་སར་ལྕེབ་ན་འོས།
ལས་དབང་གིས་མོའི་གསོན་པའི་བདེ་སྐྱིད་འཕྲོག་སོང་བ་རེད། མོ་ལྕེབ་ན་འོས།
སྔོན་ཆད་ཁྱོ་ག་འདས་རྗེས་སུ་ཁྱོ་མོ་དང་ལྷན་དུ་མེར་སྲེག་པའི་ལུགས་སྲོལ་བྱུང་བ་རེད།
མོས་ཀྱང་རང་གི་ཚེ་སྲོག་སྤྱད་དེ་ལས་དབང་ལ་རྒོལ་བ་བཏང་ན་འོས།” ཟེར།
ཁྱོད་ཀྱིས་སྐྱེ་བ་གཅིག་ལ་ངོ་རྒོལ་བྱས་མྱོང་པའི་ལམ་ལུགས་དག་ད་ནི་འོས་ཚུལ་དང་འགྲིག་ཚུལ་ལབ་བྱུང་བས་ཁྲིམས་དཔོན་ཅུང་ཁྲོས་ཏེ་ལན་ཅི་ཡང་འཆད་མ་བྱུང་། སྔོན་ཆད་ཁྱོད་ཀྱིས་མི་གཞིའི་བདེན་པ་གཙིགས་སུ་བཟུང་སྟེ་འདྲ་མཉམ་དང་སྙིང་རྗེའི་ལྟ་བས་ཡུགས་ས་མོ་དག་གསོན་པའི་ཁེ་དབང་སྤྲད་དགོས་ཚུལ་དང་། ཡུགས་ས་མོ་དག་གསོན་པོར་སྦས་པའི་ལུགས་སྲོལ་ལ་ཐན་དུ་བརྩིས་ཤིང་རྒོལ་བ་བཏང་མྱོང་།
ཁྱོད་རང་མི་བརྩེ་དུང་ཅན་ཞིག་ཡིན་པར་མ་ཟད་བརྩེ་དུང་དེའི་དབང་གིས་སྒེར་སེམས་ཁྱེར་ཏེ་གཞན་གྱི་འདོད་མོས་རང་གི་རྡོག་རོལ་དུ་གཏོང་མཁན་ཞིག་ཀྱང་མིན་སྟེ། སྔོན་ཆད་ཁྱོད་ཀྱིས་གཡང་ཊིར་དྭངས་གཙང་གི་སེམས་པ་བཅངས་མྱོང་ནའང་མོའི་འདོད་མོས་ལ་བརྩི་བཀུར་བྱས་ཤིང་། མོའི་རང་དབང་ལ་བར་སྟོང་སྤྲད་མྱོང་། ཡིན་ཡང་ད་ལྟའི་ཁྱོད་ནི་རང་སེམས་ཚོད་འཛིན་མེད་པར་གྱུར་ཏེ་རང་གི་ཀུན་སྤྱོད་བདག་དམ་མི་བྱེད་མཁན་ཞིག་ཏུ་འགྱུར་བཞིན་འདུག། ཁྱོད་ཀྱིས་རང་ཉིད་ཇི་ལྟར་འགྱུར་བར་བསམ་གཞིག་བྱེད་བཞིན་མེད། སྡུག་བསྔལ་དང་ཞེ་སྡང་ལྷན་དུ་རང་ཡང་མགོ་མེད་མཇུག་མེད་ཅིག་ཏུ་འགྱུར་བཞིན་ཡོད་པ་རེད།
༦
“ལོ་ཟླ་འདི་བརྒལ་རྗེས་དཔྱིད་ཀ་ཚེས་ཏེ་མེ་ཏོག་བཞད་སྲིད་ནའང་།
ལོ་ཟླ་འདི་བརྒལ་རྗེས་གཏན་དུ་གཞོན་མི་སྲིད་པའི་མོའི་ལང་ཚོ་རྒས་ཏེ་མེ་ཏོག་ཅིག་ཐལ་རྡུལ་གསེང་དུ་རྙིད་པ་དང་འདྲ། སྤུན་ཟླ། འདི་ནི་ཅི་འདྲའི་འདྲ་མཉམ་མིན་པ་ཞིག་རེད་ཨང་། མོ་ལྟ་བུའི་བུ་མོ་གཤིས་བཟང་ཞིག་ལ་འདི་ལྟར་ཡོང་དགོས་དོན་ག་རེ་ཡིན་ནམ།”
སྐད་ཆ་འདི་འདྲ་ཁྱོད་ཀྱིས་ཉེན་རྟོག་ཁང་ལ་བཤད་མི་སྲིད་པ་ཐག་ཆོད་ཡིན། མ་ཟད་རང་གི་ཞེ་སྡང་ཞི་ཕྱིར་རང་ལའང་སྐད་ཆ་འཇམ་པོ་འདི་འདྲ་བཤད་མི་ཐུབ་འདུག། ཁྱོད་རང་ཤིན་ཏུ་ཁྲོས་ཏེ་ཡོད་ཚད་ལ་ངོ་རྒོལ་གཏོང་འདོད། ཐ་ན་བདེན་པ་དང་བརྩེ་བའང་རྡོག་རོལ་དུ་གཏོང་འདོད་སྐྱེས། ཡིན་ཡང་ཁྱོད་ཀྱི་བློས་ཐུབ་ཀྱི་གྲོགས་པོ་སྐལ་བཟང་ཐོན་རྗེས་སྐད་ཆ་འདི་འདྲ་ཞིག་སྨྲས་ཡོང་བ་རེད། ཁོའི་མདུན་ནས་ད་གཟོད་ཁྱོད་ཀྱི་གཤིས་ཀ་ངོ་མ་མངོན་ཐུབ་པ་འདྲ། ཡང་ཡང་དུ་བཏང་བའི་ཤུགས་རིང་གི་སྣེར་ཁྱོད་ཀྱིས།
“མོ་མུ་རུ་གསོན་དགོས། ལང་ཚོའི་ཁེངས་དྲེགས་དང་ལྷན་དུ་གསོན་དགོས། སྔར་བཞིན་འཛུམ་བག་གི་རྣམ་འགྱུར་ལས་གསོན་དགོས།” ཟེར།
“ང་ལ་ཅི་ཡང་མེད་པས་ཆོག་སྟེ། མོའི་འཛུམ་ཤིག་ཤིག་གི་དཀར་འཇམ་ཞལ་རས་ལས་ང་ལ་བདེ་སྐྱིད་ཀྱི་ཚོར་བ་ཡོད་ཆོག་པའི་དབང་ཆ་ཁོ་ན་འཕྲོག་མ་འགྲོ།” ཟེར།
ཡིན་ཡང་ཁྱོད་ཀྱིས་མོ་རང་དེ་ལྟར་གསོན་མི་ཐུབ་པ་ཤེས། གཏན་དུ་གཤགས་བཅོས་བྱེད་ཐབས་མེད་པའི་མོའི་བྱང་ཁོག་ཏུ་སྡུག་བསྔལ་གྱི་མངལ་སྦྲུམས་ཡོད་པ་ཤེས། ད་ནི་ཉི་འོད་དང་ཆར་འཇམ་གྱི་ལྷན་དུ་མོའི་ལང་ཚོ་མེ་ཏོག་བཞིན་དུ་བཞད་མི་སྲིད་པ་ཤེས། སྐྱེ་བ་འདིར་མོའི་ལང་ཚོའི་མཛེས་པ་ལ་བཞི་ཤད་བཀོད་ཡོད་པ་ཤེས། ཡིན་ཡང་ཁྱོད་ཀྱིས་དེ་ལྟར་དང་ལེན་བྱེད་མི་ཐུབ་པས་སྐད་ཆ་འདིའི་རིགས་ནི། རྫུན་པས་རང་སེམས་གསོ་སྟངས་དང་། གནས་སྐབས་དངོས་ཡོད་ལས་གཡོལ་ཐབས་ཙམ་རེད། མཐའ་གཏུགས་ན་མཁྲེགས་འཛིན་ཤིན་ཏུ་ཆེ་བའི་དུང་ཞེན་ནད་པ་དེས་མོ་རང་འགྱུར་འདུག་པ་དང་ལེན་བྱེད་ཐུབ་བཞིན་མེད་པ་དེ་རེད།
༧
ད་ཐེངས་སློབ་གྲོགས་དག་ཁྱོད་ལ་བལྟ་རུ་ཡོང་བ་ནི་ཁྱོད་རང་བཅར་བརྡུང་གཏོང་ཆེད་མིན་པར་དགོངས་དག་ཞུ་རུ་ཡོང་བ་དང་འདྲ། ད་རུང་ཁྱོད་རང་བཀག་བསྐྱིལ་ཁང་དུ་ཡོད་པས་གནས་ཚུལ་རྒྱུས་ལོན་གྱི་ཆེད་དུ་ཡོང་བ་ཡིན་ཟེར། སློབ་གྲོགས་ཀ་པས།
“ཁྱོད་སྐྱེས་ཕོ་རབ་ཅིག་ཡིན་ན་མོ་དང་གཉེན་སྒྲིག་གྱིས། མི་ཁ་དང་འཕྱ་དམོད་ལ་ཞེད་དགོས་དོན་མེད།”ཅེས་ཟེར། སློབ་གྲོགས་ཁ་པས།
གོ་སྐབས་འདི་དང་བསྟུན་ནས་མོ་རང་ཁྱོད་ལ་དབང་ཐུབ་པ་བྱོས། མི་ནི་ཐབས་ཤེས་གཉིས་ལྡན་ཡིན་དགོས།”ཟེར། སློབ་གྲོགས་ག་པས་ཀྱང་།
ཡུགས་ས་མོ་ཞིག་ཆུང་མར་བླངས་ན་རྗེས་ཕྱོགས་གཉེན་འཐོར་བྱ་མི་དགོས་ཤིང་། རང་ཉིད་གཟའ་དཔོན་ཚད་ལྡན་ཞིག་ཡོང་ཐུབ།”ཟེར།
གལ་ཏེ་ཁྱོད་རང་ཁྲིམས་དཔོན་ཡིན་ན་སྐད་ཆ་དེ་དག་དང་མི་དེ་དག་ཐེ་ཚོམ་མེད་པར་སྲོག་ཐོག་ཏུ་གཏོང་ཡང་སྲིད། ཡིན་ཡང་ཁྱོད་རང་བཙོན་མ་ཞིག་ལས་དབང་ཡོད་ཅིག་མ་རེད། མ་གཞི་ནས་ཁྱོད་ཀྱིས་འཇིག་རྟེན་འདིར་དབང་ཡོད་མཁན་གཅིག་ཀྱང་མི་འདུག་སྙམ། ཡོད་ཚད་མི་རྟག་པ་དང་ལས་དབང་ལ་མགོ་བསྒུར་ཏེ་སྡོད་པ་ལས་འདི་དག་དབང་བསྒྱུར་ཐུབ་མཁན་ཞིག་ནི་མི་འདུག་སྙམ། ཐ་ན་དཀོན་མཆོག་ཀྱང་དབང་ཆེན་ཞིག་མ་རེད་སྙམ། གལ་ཏེ་ཡོད་ཚད་དཀོན་མཆོག་གིས་བཀོད་སྒྲིག་ནུས་ན་གཡང་ཊིར་གནས་ཚུལ་འདི་ལྟར་བྱུང་བ་སྙིང་རྗེས་མི་བཟོད་སྙམ། ཁྱོད་ཀྱིས་སློབ་གྲོགས་ཚོར།
“དེ་ལྟར་ཡིན་ན་རང་རང་གིས་ཡུགས་ས་མ་རེ་ཚོལ་དང་། ང་ལ་སློབ་གསོ་དེ་འདྲ་མི་མཁོ།”ཟེར། སློབ་གྲོགས་ང་པས།
“སྤུན་ཟླ། མོ་ལ་ཤ་མི་ཚའམ། ཕྱིའི་མཛེས་སྡུག་དང་ནང་གི་གཤིས་སྤྱོད་སོགས་གང་ལ་མཚོན་ཏེ་བཤད་ནའང་མོ་ནི་ང་ཚོའི་སློབ་གྲྭའི་ཏོག་ཡིན། བུ་མོ་ཚོའི་ཁྲོད་ན་མོ་ལ་ཡིད་སྨོན་མི་བྱེད་མཁན་ཕལ་ཆེར་གཅིག་ཀྱང་མེད། ད་ལྟ་མོའི་ཚུགས་ཀ་འདི་འདྲ་ཡིན་ན་ཁྱོད་རང་ཕར་ཞོག། ཐ་ན་མི་གཞན་གྱིས་ཀྱང་བཟོད་བཞིན་མི་འདུག”ཅེས་སྐྱོ་བའི་ཉམས་ཀྱིས་བཤད་བྱུང་། ཡིན་ཡང་ཁྱོད་ཀྱིས་དེ་ལ་ཨ་ལན་ཅི་ཡང་སྟེར་མ་བྱུང་།
༨
“བརྩེ་དུང་གི་མཐིལ་རྟོགས་རྗེས་ད་གཟོད་ཚེ་སྲོག་ལ་བྲོ་བ་ཡོངས་སུ་ཆད་འདུག”
“ མ་རེད། ཡང་ཡང་དུ་ཕམ་ཁ་བྱུང་རྗེས་ཚེ་སྲོག་ལ་ཁ་དོག་གཞན་ཞིག་བསྐྲུན་ཆོག་པ་རེད།”
“ མ་རེད། ད་ནི་མོ་དང་ངའི་ཚེ་སྲོག་ལ་སྡུག་བསྔལ་གྱི་རོ་བྲོ་བ་ལས་བདེ་སྐྱིད་ཀྱི་དགོད་སྒྲ་དང་ལང་ཚོའི་ཁ་དོག་ཡོད་མི་སྲིད།” ཁྱོད་ཀྱིས་གྲལ་མཚེས་སྐལ་བཟང་དང་སྔོན་ཆད་ལྟར་ཁ་བརྡ་བྱེད་དུས་ན་ཟུག་གི་སྐད་ཆ་དག་ནི་སེམས་གཏམ་རང་དུ་འདུག་སྟེ། ཁྱོད་ཀྱིས་རང་ཉིད་ཆེས་དུང་ཞེན་ཡོད་པའི་བུད་མེད་དེའི་ལང་ཚོའི་སྐྱོ་གར་མཐོང་རྗེས། འཁོར་བའི་མཛེས་སྡུག་མཐའ་དག་ལ་ཁོ་ཐག་ཆད་པ་དང་འདྲ། ཡང་བསྐྱར་ཁྱོད་ཀྱི་གྲོགས་པོས་ཁ་གྲག་བྱུང་།
“མོ་རང་མེ་ཏོག་ཅིག་ཁ་འབུས་པ་དང་འདྲ་བར་ལོ་ངོ་བཅུ་དགུ་ལ་བུད་ཙམ་རེད།
སྐྱེ་བ་གཅིག་ལ་ཡུགས་ས་མར་བསྐྱུར་རྒྱུ་ཡིན་ནམ།”
“ད་ནི་མོས་གཉེན་སྒྲིག་ཐེངས་གཉིས་པ་དང་ཁྱིམ་ཚང་ཐེངས་གཉིས་པ་བསྐྱང་མི་སྲིད།”
“དུས་ཚོད་རིམ་གྱིས་འདས་རྗེས་མོས་ཀྱང་འདས་དོན་བསྐྱུར་ཏེ་མ་འོངས་པའི་ཆེད་དུ་འཚོ་བ་གསར་པ་ཞིག་གི་འགོ་བརྩམ་པ་ཡོང་སྲིད།”
“ དཔེ་མི་སྲིད། མོས་འདས་ཟིན་པའི་བརྩེ་དུང་གི་དོན་དུ་མི་ཚེ་གཅིག་གི་དུས་ཚོད་མཐའ་དག་གཏོང་སྲིད། ” ཁྱོད་དང་གྲོགས་པོ་སྐལ་བཟང་གཉིས་ཕན་ཚུན་རྒོལ་གཏམ་ལྟ་བུ་རེ་བཤད་རེས་བྱས་ཀྱང་སེམས་སུ་གཉིས་ཀས་བསམ་ཤེས་བྱེད་ཐུབ་པ་རེད། ལྟ་ཚུལ་མི་གཅིག་ཀྱང་རང་རང་གི་བརྗོད་འདོད་པའི་སེམས་གཏམ་ཡིན་པའི་ངེས་ཤེས་ཡོད། ཁྱོད་གཉིས་ཀྱིས་དེ་ལྟར་སྐད་ཆ་འཆད་པའི་མུར་སློབ་གྲོགས་གཞན་ཞིག་ཐོན་བྱུང་། ཁོས་མགོ་བོ་སྨད་དེ་སྐད་ངག་གཉོམ་པོས། “ མོ་རང་ལྕེབས་འདུག” ཟེར། ཅུང་ཙམ་འགོར་རྗེས།
“མདང་དགོང་ནམ་གུང་གི་དུས་ཚོད་གཉིས་པའི་ཐོག་ཏུ་སློབ་གྲྭའི་ཁང་བརྩེགས་དྲུག་པ་སྟེང་ནས་ལྕེབས་སོང་བ་རེད་འདུག” ཟེར།
ཁོས་དེ་དག་བཤད་རྗེས་ཕྱིར་མིག་ཙམ་ཡང་མེད་པར་རྡོག་མདུན་དུ་མིག་ཟུང་གཏད་ཏེ་ག་ལེར་ཕྱིན་སོང་།
དེ་ལྟར་བུ་མོ་གཞོན་ནུ་མ་ཞིག་གིས་རང་གི་ཤ་ཁྲག་གདོས་བཅས་ཀྱི་ཕུང་པོ། ཨར་འདམ་གྱི་པང་གཅལ་ཐོག་ཏུ་སྒོ་ང་བྲག་ལ་བརྡབས་པ་ལྟར། ཕྱི་ནང་ཡོད་ཚད་ཆག་གྲུག་ཤོར་བའི་གཏམ་དག་ནི་འཛམ་གླིང་འདིའི་ཉིན་གཅིག་གི་གསར་འགྱུར་ཙམ་རེད་འདུག ། ༼ ཞོགས་རྫ་རྔ། ༽