ཁམས་ཀྱི་མཐོ་སྒང་དུ་གཞུང་རྒྱུད་དྲང་ཞིང་བྱམས་བརྩེ་ལྡན་པའི་ཡུལ་མི་མང་པོས་ཕྱུགས་ཟོག་འཚོ་སྐྱོང་གི་ལས་ལ་འབད་ནས་འཚོ་བ་རོལ་བཞིན་ཡོད་ལ། མཐོ་ཞིང་བརྗིད་པའི་རི་བོ་དང་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ནི་ཁོ་ཚོས་ནོར་གནག་འཚོ་སྐྱོང་བྱ་ཡུལ་གྱི་གནས་ཁྱད་པར་ཅན་དེ་ཡིན། ཡུལ་མི་འདི་ཚོ་ལ་འབྲོག་པ་ཞེས་འབོད་ཅིང་བསྐལ་བ་ས་ལ་ཆགས་པ་ནས་དྲིན་ཆེ་བའི་ནོར་གནག་དང་འགྲོགས་ནས་འཚོ་བ་རོལ་བཞིན་ཡོད།
འབྲོག་པའི་རུ་བ་ནི་མཐོ་གངས་རི་དང་བར་རྫ་རིའི་འདབས་དང་སྨད་ཡངས་པའི་རྩྭ་ཐང་སོགས་རྩྭ་ཆུ་འཛོམས་སའི་ཡུལ་དུ་གནས་བཅས་ནས་གཡའ་དག་པའི་ནམ་མཁའ་གོས་སུ་མནབས་ཤིང་། ཁོད་ཡངས་པའི་རྩྭ་ཐང་གདན་དུ་བཏིང་ནས་མི་རབས་ནས་མི་རབས་བར་དྲང་བདེན་དང་རྒྱུ་འབྲས་ལྡན་པའི་ངང་ནས་འཚོ་བ་རོལ་བཞིན་ཡོད།
མུ་མཐའ་མེད་པའི་སྔོ་ལྗང་གི་རྩྭ་ཐང་ཆེན་མོར་མེ་ཏོག་སྣ་ལྔས་ཕྲ་ཚོམ་བརྒྱན་ཅིང་། ཕྱུགས་རིགས་དཀར་ནག་ཐང་མལ་བརྡལ་ནས་རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་དར་ནས་ཡོད། དྭངས་གཙང་གི་ཆུ་ཕྲན་སྔོན་མོས་རྩྭ་ཐང་དུ་མཛེས་སྡུག་ལྡན་པའི་འཁྱོག་རིས་བྲིས་ནས་འཇམ་ཅག་གེར་བཞུར་བཞིན་ཡོད་པ་དང་། སྦྲ་གུར་གྱི་སྒོ་དར་རླུང་གིས་ལྷབ་ལྷུབ་ཏུ་སྐྱོད་བཞིན་པ་སོགས་འབྲོག་ར་ནི་འགུལ་ཤེས་པའི་མཛེས་སྡུག་གི་རི་མོ་ཞིག་དང་འདྲ་བར་ཁམས་ཀྱི་མཐོ་སྒང་དུ་བརྗིད་ཆགས་སེར་དང་བདེ་འབོལ་ལེར་གནས་ཡོད།།
( བདེ་ཆེན་གྱིས་བསྒྱུར།)