国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འགྲུལ་སྐྱོད་ཀྱི་ཚུགས་འབབ་ས་ཡུལ་སྐོར་བའི་སེམས་ཀྱི་སྨོན་ཡུལ་དུ་བསྒྱུར།

དཀར་མཛེས་རྫོང་གི་ན་གཞོན་གཉིས་ཀྱིས་རིག་གནས་ཡུལ་སྐོར་དང་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་བསྣན།

བསོད་ནམས་ཆོས་འཕེལ་གྱིས(དཀྱིལ)འགྲུལ་བར་ཁ་བརྡ་ལབ་བཞིན་པ།

ཟླ་བ་རྒྱལ་མཚན(དཀྱིལ)གྱིས་ཡུལ་སྐོར་བར་ཁོ་ཧྥེ་བླུག་བཞིན་པ།

བསོད་ནམས་ཆོས་འཕེལ་གྱིས་འགྲུལ་བར་ཁྱད་ཆོས་ལྡན་པའི་ཟས་མཆོག་ངོ་སྤྲོད་བྱེད་བཞིན་པ།

གཅིག།

ཉེ་བའི་ལོ་འགའི་རིང་ལ་རྫོང་དང་གྲོང་ཁྱེར་ཁག་ལ་ཕྱོགས་ནས་ཡུལ་སྐོར་འགྲོ་དགའ་བའི་སྲོལ་ཞིག་དར་བ་ལས་གྲོང་སྡེའི་གནས་ཚང་ལས་རིགས་དར་རྒྱས་ཆེ་རུ་ཕྱིན་པ་དང་། ཇུས་འགོད་བྱེད་སྟངས་ས་གནས་དེ་གའི་རིག་གནས་དང་མཉམ་དུ་འདྲེས་པའི་ཁྱད་ཆོས་ལྡན་པའི་གནས་ཚང་མགྲོན་ཁང་ནི་ཡུལ་སྐོར་བ་ཚོ་གྲོང་རྡལ་ཆུང་ཆུང་དུ་ཡུལ་སྐོར་ཡོང་བའི་ཡིག་དབང་འགུགས་ས་དང་གྲོང་རྡལ་གྱི་འཚོ་བ་སྐྱིད་པོའི་བྲོ་བ་སྣོན་བྱེད་དུ་འགྱུར་བཞིན་ཡོད།

དཀར་མཛེས་རྫོང་དུ་གོ་ལྔ་ལོའི་རྗེས་སུ་སྐྱེས་པའི་གཞོན་ནུ་ཁག་གཅིག་གིས་གནས་བབ་དང་བསྟུན་ནས་ཡུལ་སྐོར་གྱི་གཏིང་ཤུགས་སྔོག་གང་ཐུབ་དང་ཁྲོམ་རར་དངོས་སུ་ཞུགས་ནས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཡུལ་དེ་གའི་ཁྱད་ཆོས་ལྡན་པའི་ལྗོངས་གནས་ལ་དམིགས་ཤིང་ས་ཁོངས་ཀྱི་རིག་གནས་མཉམ་འདྲེས་བྱས་པར་བརྒྱུད་དེ་ཡུལ་མིའི་གནས་ཚང་ལས་རྒྱས་པར་འཕྲོས་པའི་རྣམ་པ་གསར་པ་བཏོད་དེ། རྫོང་ཁོངས་ཡུལ་སྐོར་གྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་ཡུལ་དེ་གའི་རིག་གནས་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད།

གཉིས།

ལོ27ལ་སོན་པའི་ཟླ་བ་རྒྱལ་མཚན་དང་ལོ28ལ་སོན་པའི་བསོད་ནམས་ཆོས་འཕེལ་གཉིས་ཀྱིས་ཕ་ཡུལ་ལ་བརྩེ་དུང་ཟབ་མོ་དང་ལས་གཏོད་ཀྱི་ཕུགས་འདུན་བཅངས་ནས་བོད་ལུགས་ཀྱི་མཛེས་རིག་ཁྲིད་ཕྱོགས་སུ་བྱེད་པ་དང་། གསར་གཏོད་ཇུས་འགོད་སྐུལ་ཤུགས་སུ་བྱེད་པ། ཁྱད་ཆོས་ལྡན་པའི་རིག་གནས་སྙིང་པོར་འཛིན་པ་བཅས་རྒྱུན་འཁྱོངས་ཏེ། བསམ་ཤུགས་དང་ནུས་ཤུགས་གཅིག་ཏུ་བསྡུས་ནས་གྲོང་སྡེའི་ཁང་པ་རྒྱ་དེ་ཙམ་མི་ཆེ་བ་ཞིག་གཡང་འཁྱིལ་དཀར་མཛེས་ཞེས་པའི་གནས་ཚང་མགྲོན་ཁང་དྲོ་སྐྱིད་ལྡན་པ་ཞིག་ཏུ་གསར་དུ་བསྒྱུར་ཡོད། གནས་ཚང་མགྲོན་ཁང་དེ་གར་གངས་ཅན་པའི་ཡུལ་སྲོལ་གོམས་གཤིས་ཀྱིས་ཕྱུག་པའི་ཞག་སྡོད་ཁོར་ཡུག་བག་ཕེབས་པོ་ཞིག་བསྐྲུན་ཡོད་པར་མ་ཟད། གཟུགས་མེད་རིག་གནས་ཤུལ་བཞག་གི་མཛེས་རྩལ་རིག་པས་ཡོངས་སུ་སྤུད་པའི་ཁོ་ཧྥེ་ཁང་དང་རིག་གནས་ཀྱི་གསོན་ཉམས་ཆེས་ཆེར་དོད་པའི་བོད་ཟས་ཁང་ཞིག་ཀྱང་བཙུགས་ཡོད་པས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཇུས་འགོད་ཕུན་སུམ་ཚོགས་པ་རྒྱུས་ལོན་ཆོག་པའི་ཐོག་ད་དུང་རྫོང་གྲོང་གི་འཚོ་བ་སྐྱིད་པོའི་བྲོ་བ་ཐུན་མོང་མ་ཡིན་པ་མྱོང་རོལ་ཆོག་ཅིང་། གྲོང་ཁྱེར་གྱི་འཚོ་བའི་སྤུས་ཚད་དང་འཚམ་པའི་ཞག་སྡོད་ཀྱི་སྐལ་བ་ཡང་ལོངས་སུ་སྤྱོད་ཐུབ་པས་རྒྱལ་ཕྱི་ནང་གི་ཡུལ་སྐོར་བས་དགའ་པོ་བྱེད་ཀྱིན་ཡོད་པ་རེད།

ཟླ་བ་རྒྱལ་མཚན་དཀར་མཛེས་ནས་འཚར་ལོངས་བྱུང་བས་ཕ་ཡུལ་ལ་ཞེན་འདང་ལྷག་པར་ཆེ། ཁོ་ལྟ་བུའི་གཞོན་ནུ་ཞིག་གི་ངོས་ནས་བརྗོད་ན། གྲོང་ཁྱེར་གྱི་འཚོ་བར་བསླུ་བྲིད་ཀྱིས་ཁེངས་ཡོད་པ་བཤད་མ་དགོས་མོད། འོན་ཀྱང་ཁོའི་ཡིད་ལ་ནམ་ཡང་འཁོར་བཞིན་ཡོད་པ་ནི་ཕ་ཡུལ་ཡིན་པས། ཕ་ཡུལ་འཕེལ་རྒྱས་འགྲོ་བར་ཡིད་ཆེས་དང་མི་རིགས་རིག་གནས་དྲིལ་སྒྲོག་བྱེད་པའི་ཐོག་མའི་བསམ་འདུན་ལ་དམིགས་ནས་ལོ་གསུམ་སྔོན་ལ་ཁོས་རོགས་ཟླ་དང་མཉམ་དུ་ཁོ་ཧྥེའི་སྤུས་རྟགས་གསར་དུ་བཏོད་དེ་བྲེལ་འཚུབ་ཀྱི་འཚོ་བའི་ཁྲོད་དུ་ཅུང་བག་ལྷོད་པོ་ཡོང་བའི་དལ་སྐྱིད་འཚོ་བ་རོལ་སྟངས་ཤིག་གསར་དུ་བསྐྲུན་ཡོད། ད་ཆར་ཁོའི་ཐོག་མའི་བསམ་འདུན་སྔར་བཞིན་བརྟན་པོར་ཡིན་ཕྱིར། སྲོལ་རྒྱུན་གྱི་ཞིང་པའི་སྤྲོ་སྐྱིད་ཁང་གཉེར་སྟངས་ཉམས་གུད་དུ་ཕྱིན་པ་དང་རིན་གོང་དམའ་བའི་ཚོང་དོན་མགྲོན་ཁང་བར་འགྲན་རྩོད་ཛ་དྲག་ཆེ་བའི་གནས་བབ་འོག་ཁོས་གྲོགས་པོར་ཁེངས་སྐྱུང་གིས་བློ་འདྲི་ཞུས་པར་མ་ཟད། ད་དུང་ཡུལ་མིའི་གནས་ཚང་མགྲོན་ཁང་གཉེར་བར་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པའི་བསོད་ནམས་ཆོས་འཕེལ་དང་ལག་གདང་སྦྲེལ་ནས་མཉམ་དུ་ཡུལ་མིའི་གནས་ཚང་མགྲོན་ཁང་རྩེ་གྲ་དང་རིག་གནས་མྱོང་རོལ་ཟབ་མོ། ཁྱད་ཆོས་ལྡན་པའི་རིག་གནས་གསར་འཆར་ཐོན་རྫས་གསར་སྤེལ་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཡུལ་སྐོར་གྱི་སྐྱེ་ཁམས་འབྲེལ་ཐག་བསྐྲུན་ཏེ། ནམ་རྒྱུན་ཡུལ་སྐོར་བ་བྲེལ་འཚུབ་ངང་འགྲོ་བའི་རྣམ་པ་དེ་འཁྱར་སྡོད་སྤྲོ་གསུམ་གྱི་མྱོང་རོལ་ཟབ་མོ་ཡོད་པའི་ཕྱོགས་སུ་བསྒྱུར་ནས་དཀར་མཛེས་རྫོང་ཁོངས་ཡོངས་ལ་ཡུལ་སྐོར་ཐུབ་པར་འབད་བརྩོན་བྱས།

བསོད་ནམས་ཆོས་འཕེལ་གྱིས་ཡུལ་སྐོར་བ་ལ་མཁོ་བ་ནི་མཛེས་ལྗོངས་ཙམ་མ་ཡིན་པར། ས་གནས་དེ་གའི་མི་ཞིག་ཏུ་གྱུར་པའི་མྱོང་རོལ་ཡིན་པ་ང་ཚོས་ཤེས་ཀྱིན་ཡོད། ང་ཚོས་བཟོས་པའི་དཀར་མཛེས་འགྲུལ་ལམ་ནི་གེ་སར་རྒྱལ་པོའི་མཁར་རྫོང་དང་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ། དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པའི་དྲན་གསོའི་ཁང་། མཚལ་རི་གྲོང་རྡལ་ཆུང་ཆུང་སོགས་ཁྱད་ཆོས་ལྡན་པའི་ལྗོངས་གནས་རྣམས་གཅིག་ཏུ་སྦྲེལ་ནས་

གསུམ།

འགྲུལ་བ་ཚོར་དཀར་མཛེས་རྫོང་གི་ཁྱད་ཆོས་དང་མཛེས་སྡུག་མྱོང་ཚོར་བྱེད་དུ་བཅུག་ཡོད་པར་མ་ཟད། ཐག་རིང་འོངས་པའི་འགྲུལ་བ་ཚོར་སྡོད་ས་སྐྱིད་པོ་ཡོད་པའི་ཁར་དཀར་མཛེས་རྫོང་གི་ཆེ་ས་ནས་ས་རྡོ་རི་བྲག་དང་རྩི་ཤིང་སོགས། ཆུང་ས་ནས་རིག་གནས་ཀྱི་ཤན་ཞུགས་པའི་དངོས་པོ་ཕྲན་ཚེགས་ཡན་ཆད་བརྒྱུད་དེ་ང་ཚོའི་རིག་གནས་དང་མགྲོན་ལ་དགའ་བའི་གུས་ལུགས་ཤེས་སུ་བཅུག་དགོས་ཞེས་བཤད་པ་རེད།

ས་ཆ་དེ་གའི་གནས་སྐབས་ཡུལ་མིར་གྱུར་པའི་དངོས་སླེབས་ཡི་རང་ཅན་གྱི་མྱོང་རོལ་ལ་བརྟེན་ནས་ཡུལ་སྐོར་བའི་འགྲུལ་སྐྱོད་དལ་ལྷོད་དུ་བཏང་བས་ཕྱོགས་བཞི་མཚམས་བརྒྱད་ཀྱི་འགྲུལ་བ་ཚོས་ལུང་པའི་བྲོ་བ་དང་རྒྱན་ཆ་སོགས་ལ་རྒྱུས་ལོན་བྱ་རྒྱུའི་མཐུན་རྐྱེན་བསྐྲུན་ཡོད།

དཀར་མཛེས་རྫོང་གི་གཞོན་ནུ་དེ་བས་མང་བ་ཕ་ཡུལ་དུ་བསྡད་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་ཐུབ་པའི་ཆེད། གཡང་འཁྱིལ་དཀར་མཛེས་གནས་ཚང་མགྲོན་ཁང་གིས་ས་གནས་དེ་གའི་གཞོན་ནུ་ཚོ་ཁོ་ཚོའི་ཚོགས་པར་བསྡུ་རུབ་གང་ཐུབ་བྱས་ཏེ་དེ་ཚོའི་མཐོང་རྒྱ་ཆེ་རུ་གཏོང་རོགས་དང་སྔོན་ཐོན་ཞབས་ཞུའི་འདུ་ཤེས་བསླབས་ཏེ་མི་དེ་བས་མང་བར་ཐོན་ཁུངས་བཟང་པོ་དེ་དཔལ་འབྱོར་འབྲས་བཟང་དུ་བསྒྱུར་ཐུབ་པར་སྐུལ་ཁྲིད་བྱས་པ་རེད།

གཡང་འཁྱིལ་དཀར་མཛེས་ནི་ཡུལ་སྐོར་བའི་ངལ་གསོ་བྱ་ཡུལ་ཁོ་ན་ཙམ་མ་ཡིན་པར། ས་གནས་དེ་གའི་ལས་ཞུགས་ལ་སྐུལ་ཁྲིད་དང་ཡུལ་མི་རྣམས་ཀྱིས་སྒོ་འགྲམ་དུ་ཡོང་འབབ་བཙལ་ནས་ཕྱུག་འགྱུར་ཡོང་བར་རོགས་རམ་བྱེད་ཐུབ་པ་དེ་ནི་ང་ཚོས་ལས་གཏོད་བྱེད་པའི་རེ་བ་ཆེ་ཤོས་ཡིན་ལ། ས་ཆེན་འདིར་ཕུལ་བའི་ལྷག་བསམ་དཀར་པོ་ཡང་ཡིན་ཞེས་ཟླ་བ་རྒྱལ་མཚན་གྱིས་བརྩེ་བ་ཟབ་མོའི་སྒོ་ནས་དེ་ལྟར་བཤད་པ་རེད།

ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱ་རྒྱུ་ལ་བལྟས་ན་མི་སྒེར་གྱི་སྤྱིར་བཏང་གི་གདམ་ག་ཞིག་ཡིན་ནའང་དོན་དངོས་སུ་ཡུལ་སྡེ་དར་རྒྱས་ཡོང་བར་སྐུལ་བའི་ནུས་ཤུགས་ཧ་ཅང་ཆེན་པོ་འདུས་ཡོད། གཞོན་ནུ་རྣམས་ཀྱིས་གསོན་ཤུགས་གཅིག་ཏུ་བསྡུས་ཏེ་ཡུལ་མིའི་གནས་ཚང་མགྲོན་ཁང་དང་རིག་གནས་ཟུང་དུ་སྦྲེལ་བ་གཙོ་བོར་བྱས་པའི་གསར་གཏོད་ཀྱི་ཡུལ་སྐོར་ཐོན་རྫས་རྒྱུན་མཐུད་ངང་རིམ་འཇུག་ལེགས་སུ་བཏང་བ་ལས་ཡུལ་སྐོར་ཡིད་ཚིམ་པོ་བྱེད་སྟངས་གསར་པ་ཐོན་ཏེ། སི་ཁྲོན་ནུབ་རྒྱུད་ཀྱི་ཡུལ་སྐོར་ལ་རྣམ་པ་གསར་པ་ཐོན་ཞིང་གསོན་ཤུགས་རྒྱས་པར་སྐུལ་འདེད་བཏང་སྟེ། ཡུལ་སྐོར་བའི་འགྲུལ་སྐྱོད་ཞག་གཅིག་གི་གནས་ཚང་ལས་རྦད་དེ་བསྒྱུར་ནས་འགྲུལ་བའི་སེམས་ཀྱི་སྨོན་ཡུལ་དུ་གྱུར་ཡོད། གཞོན་ནུ་ཚོས་གཙོ་ཁྲིད་དང་རིག་གནས་ཀྱིས་སྐུལ་ཁྲིད། ཐོན་ལས་ཀྱིས་སྐུལ་བ་བཅས་ཀྱི་ཡུལ་སྡེ་དར་རྒྱས་ཡོང་བའི་ཐབས་ལམ་གསར་པ་ཞིག་དཀར་མཛེས་རྫོང་དུ་དལ་བུར་མངོན་བཞིན་ཡོད་དོ།།

( ལྷ་འཛོམས་ཀྱིས་བྲིས།)