国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞིང་གི་བསྟན་བཅོས་སོ་ནམ་རྒན་པོའི་ལག་རྗེས་ཞེས་པའི་ཚན་པ་ལས་འབྲས་བུ་གཡུར་ཟ་བའི་སོ་ནམ་གྱི་རིམ་པ།

ཧོར་ཁོག་ཟླ་བཟང་།

ས་ཐང་དུ་ནས་རྩིག་རྒྱག་པ་ལ་འོག་གི་སྙེ་ནས་མི་བམ་པའི་ཕྱིར་དུ་ཐོག་མར་རྩྭ་སོག་དང་ལྕམ་ཤིང་སོགས་ཀྱིས་རྩིག་གདན་གདིང་པའང་ཡོད། ཞིང་པ་ཚོས་འཕྲུལ་ཆས་ཀྱིས་ལོ་ཏོག་ཞིང་ནང་དུ་ཐད་ཀར་བརྔས་བརྡུངས་ཅིག་ཅར་དུ་བྱས་པ་དང་བརྔས་པ་ཁྱིམ་དུ་བསྐྱལ་ནས་བརྡུངས་པ་གཉིས་ལས་ནས་ཀྱི་བབས་སྒོ་ཕྱི་མ་མང་བ་དང་ནས་མང་ཉུང་འདྲ་བ་ལའང་རྩམ་པ་ཕྱི་མས་ལྕི་བ་ཡོད་ཅིང་དེ་ནི་ཕྱི་མ་ཞིང་དུ་སོག་ཚུགས་བསླངས་པ་དང་ཁྱིམ་དུ་རྩིག་བརྒྱབ་པའི་དབང་གིས་བཟང་པོ་སྨིན་པར་གྱུར་པས་ལན་པ་བཤད་ཅིང་། ད་དུང་ནས་བོངས་མང་ཉུང་འདྲ་བ་རྒྱ་མར་བཅལ་ན་སྨིན་བཟང་པོའི་གྲངས་ཀ་ངན་པ་ལས་མཐོ་བ་དང་འཕྱར་དུས་རླུང་ཤུགས་ཆེ་ཆུང་འདྲ་བས་སྨིན་ངན་པ་སྤུར་པའི་ཐག་བཟང་པོ་ལས་རིང་བ་སོགས་ཀྱི་ཁྱད་པར་ཡང་ཡོད་ཟེར། ལོ་ཕྱི་མའི་ས་བོན་གྱི་ཆེད་དུ་ནང་ཞིང་བཟང་ཤོས་སུ་ས་བོན་རྩེ་གྲས་རྣམས་བཏབ་སྟེ་དམིགས་བསལ་གྱིས་རྨོད་འདེབས་སོ་ནམ་བྱས་པ་ལས་བྱུང་བའམ་དེ་མིན་ན་ཡང་ལོ་གཅིག་གི་ལོ་ཐོག་སྨིན་བཟང་ཤོས་རྣམས་བདམས་ཏེ་སང་ལོའི་ས་བོན་གྱི་དོན་དུ་ལོགས་སུ་ནས་རྩིག་བརྒྱབ་སྟེ་རྗེས་མར་བམ་པོ་དང་དུས་གཅིག་ཏུ་བརྡུང་པའང་ཡོད། སྲན་མ་སྐམ་པོ་ཁྱིམ་དུ་ཐོན་རྗེས་མཐུན་རྐྱེན་ཡོད་ན་སྤྱིལ་བུ་སོགས་ཀྱི་ནང་དུ་བརྫངས་ཤིང་མེད་ན་བད་ཁའི་འོག་སོགས་ན་སྲན་རྩིག་རྒྱག་པ་ཡིན།

ཞིང་ནས་ལོ་ཏོག་ཁྱིམ་དུ་བསྐྱས་ཏེ་རྩིག་བརྒྱབ་པ་སོགས་ལས་ཀ་རྣམས་ཚགས་སུ་ཚུད་རྗེས་ལམ་སང་ཐིམ་བུ་འཐུ་ཞེས་སོག་ཤུལ(སོག་ལྡུར)དུ་ཐོར་པའི་སྙེ་མ་བཏུ་དགོས། གལ་ཏེ་ཆར་པ་བབས་ནས་ལོ་ཏོག་རློན་པ་སྐྱ་ཐབས་མ་བྱུང་ན་མ་བསྐྱ་བའི་སྔོན་དུ་ཐིམ་བུ་ཐེངས་ཤིག་འཐུ་བའང་ཡོད། གྲོ་དང་སྲན་མར་ཕལ་ཆེར་འཐུ་རྒྱུ་མེད་པས་འཐུ་སྲོལ་མེད། འོན་ཀྱང་སྐབས་སྐབས་ལ་སྲན་མ་ཞིང་ནང་ཡོད་སྐབས་སེར་བས་བརྡུངས་ནས་དཀྲུགས་ཏེ་སྲན་འབྲུ་ཕྱགས་མས་བསྡུ་དགོས་འཐུག་པའང་ཡོད། ཐིམ་བུ་འཐུ་དུས་མི་མང་ཡོད་ན་སྟར་སྒྲིག་ཅིང་མེད་ནའང་མུ་དེད་ནས་མ་ལུས་པར་བཏུས། ཡོ་བྱད་ལ་སླེ་བོའམ་སེལ་བོ་ཆེ་ཆུང་གཉིས་ཁུར་ནས་ཆུང་ངུ་རུ་བཏུས་ཏེ་ཆེན་པོར་གསོག་པའམ་ཡང་ན་ཆུང་ངུར་བཏུས་རྗེས་ཕོན་པོར་བསྒྲོགས་པ་ཁུར་པོར་འཁུར་ཏེ་ཁྱིམ་དུ་བསྐྱས། ཕྱིས་སུ་འགྱིག་ལྤགས་ཀྱི་ཁུག་མ་བྱུང་རྗེས་རིམ་བཞིན་སེལ་བའི་དོད་དུ་གྱུར། དུས་རབས་ཉེར་གཅིག་པའི་འགོའི་སྔོན་ལ་སེལ་བོ་ནི་ཡུལ་འདིའི་ཞིང་པ་རྣམས་ཀྱི་ལུད་དང་གྲ་ཕུབ་སྐྱ་བ་སོགས་ཞིང་ལས་སོ་ནམ་གྱི་ཡོ་བྱད་གཙོ་བོ་ཞིག་ཡིན་པར་མ་ཟད། བར་རྒྱུན་དུ་ཡུལ་ཕན་ཚུན་མགྲོན་པོར་འགྲོ་དུས་ལེགས་སྐྱེས་དང་མཛར་བ་ཁུར་སྣོད་སོགས་འཚོ་བའི་ཡོ་བྱད་སྤྱོད་རྒྱ་ཤིན་ཏུ་ཆེ་བ་ཞིག་ཡིན། དེ་ནི་སེལ་རྟ་སྟེ། ཚེས་གསུམ་གྱི་ཟླ་བའི་དབྱིབས་ལྟར་བཀུག་པའི་སླེ་བའི་གཞི་རྐང་དང་། སེལ་རྭ་སྟེ། སེལ་བའི་གདོང་བཞི་ནས་སེལ་རྟ་གྱེན་དུ་བསྲིངས་པའི་སྣེ་མོ། སེལ་ལུང་སྟེ་སླེ་བོ་འཁུར་བྱེད་ཀྱི་ལུང་ཐག། སླེ་རྩིབ་སྟེ། སེལ་རྟའི་བར་དུ་གཤིབ་པའི་སླེ་ཤིང་བསླེ་སའི་བར་རྟ། ཁ་གཅུས་ཏེ་ལྕུག་མས་གཅུས་པའི་སེལ་ཁ། སེལ་ཤིང་སྟེ་སེལ་རྟ་དང་བར་རྟ་ལ་འཕྲེད་དུ་སླེ་བྱེད་ཀྱི་ཤིང་། སེལ་སྒྲོག་སྟེ་བདག་པོས་སེལ་བོ་སྲ་བརྟན་གྱི་ཆེད་དུ་ཁ་གཅུས་དང་སེལ་རྟ་སོགས་སྒྲོག་བྱེད་ཀྱི་རྒྱུན་བུ་བཅས་ལས་གྲུབ་པ་སྟེ། རྒྱུ་ཆ་ལ་བརྟེན་ནས་དབྱེ་ན་སེལ་ཤིང་གིས་བསླས་པའི་ཤིང་སེལ་དང་ཤིང་གླང་མས་བསླས་པའི་གླང་སེལ། སྨྱུག་མས་བསླས་པའི་སྨྱུག་སེལ་སོགས་ཡོད། ཤིང་སེལ་དང་གླང་སེལ་གྱི་སིལ་རྟ་ཚ་རུ་དང་སྟག་པ་སོགས་ཤིང་མཉེན་པོ་ཡིན་ཚད་ཀྱིས་བྱེད་ཆོག། ཤིང་སེལ་ལ་གཙོ་བོ་ངལ་རྩོལ་བྱེད་པའི་ཡོ་བྱད་དེ་རྩྭ་དང་གྲ་ཕུབ་སོགས་ཁུར་སྣོད་ཤིན་ཏུ་ཆེན་པོ་ལ་ཕུབ་སེལ་དང་། ལྕི་བ་སོགས་ཁུར་སྣོད་ཀྱི་འབྲིང་པོ་ལ་ཁུར་སེལ། གྱང་རྡུང་སྐབས་གྱང་ས་ཁུར་བྱེད་དང་དབྱིས་སྐུད༼ གཡུལ་ཁ་ལ་ས་རྡོ་མི་ལངས་པ་དང་ཁང་སྟེང་དུ་ཟག་ཐིགས་མི་ཤད་པའི་ཆེད་དུ་ས་འདམ་དབྱིས་པ་ལ་ཟེར། ༽ དུས་དབྱིས་ས་སྐྱ་སྣོད་སོགས་ས་རྡོ་ཁུར་སྣོད་ལ་ས་སེལ་ཞེས་སྤྱོད་སྒོ་ལ་བརྟེན་ནས་དབྱེ་བ་དུ་མ་ཕྱེ། སྨྱུག་སེལ་ནི་འཆམ་དང་སྟོན་མོ་སོགས་གཟབ་སྤྲས་བྱེད་པའི་སྐབས་སུ་སྤྱོད་པ་མང་། སྔོན་ཆད་ཡུལ་གྱི་ལུགས་སྲོལ་ལ་མི་སྐྱ་ཕོ་མོའི་བེམ་པོ་བྱ་དང་ཆུ་ལ་དུར་འཇུག་བྱེད་སྐབས་ཀྱང་སེལ་བོ་སོ་མར་ཞུགས་ནས་འཁྱེར་དགོས་པས་དུད་ཚང་ཆེ་ཆུང་མེད་པ་ཕལ་མོ་ཆེས་ཁྱིམ་དུ་རོ་སེལ་ཞེས་སེལ་བོ་སོ་མ་རེ་ཉར་སྲོལ་ཡོད།

ཐིམ་བུ་གཙང་མར་བཏུས་རྗེས་སྣོར་ཤུལ་ལ་གཡེང་ཞེས་སྒོ་ཕྱུགས་རྣམས་ཞིང་དུ་གང་སར་གཡེངས་ནས་སྣོར་རྩྭ་ཟོས་ཤིང་དེ་ནས་མི་རིང་བ་ལ་སྟོན་རྨོས་གྱི་འགོ་འཛུགས་པ་ཡིན། ཕྱུགས་སྣོར་དུ་གཡེང་སྐབས་བྱིས་པ་རྣམས་ལྕི་བ་འཐུ་བའི་བྲེལ་བ་ལངས་པ་ཡིན། ལྕི་བ་འཐུ་པ་ནི་ཞིང་པས་ལོ་ལྟར་ངེས་པར་དུ་བསྒྲུབ་དགོས་པའི་སྟོན་རྒྱབ་ཀྱི་ལས་ཀ་གལ་ཆེ་ཤོས་དེ་ཡིན། སྤྱིར་བཏང་དབྱར་དུས་སུ་ཁྱིམ་གྱི་སྙི་བ་ཞིབ་མོར་བསྣོགས་ཏེ་རྡོ་རྩིག་ངོས་སུ་སྦྱར་ནས་བསྐམས་པ་ལ་ལྕི་ལེབ་དང་། དགུན་ཁའི་སྙི་བ་བསྣོགས་ནས་སྙི་ཁང་ཞེས་ཤིང་འཁོར་གྲུ་བཞི་མར་པར་ནས་འཁེངས་བསྐམས་བྱེད་པར་ལྕི་རས། སྟོན་རྒྱབ་རི་ནས་འབྲོག་ཟོག་གི་སྙི་བ་སྐམ་པོ་བཏུས་པ་ལ་ཨ་ཀམ་ཟེར། དགུན་གྱི་ལྕི་རས་དང་སྟོན་གྱི་ཨ་ཀམ་རྣམས་ཁང་པའི་རྩེག་ཐོག་གི་གྲུ་གར་བསྐོར་ནས་བརྩིགས་ཏེ་ལེགས་པར་བསྐམས་རྗེས་ད་གཟོད་ཁང་ཤོད་དུ་བཅུག་པ་ཡིན། ལྕི་བ་མང་ཉུང་ནི་བཞི་མྱིག་ཅེས་ཀ་མིག་གྲངས་ཀ་བགྲངས་ཤིང་ལྕི་བ་བཞི་མྱིག་མང་ཉུང་ནི་དུད་ཚང་ཡར་འགྲོ་མར་འགྲོའི་རྟགས་མཚན་དུ་བལྟས་ཤིང་འབྲུ་རིགས་མེད་ན་གཡར་ཆོག་འབུད་རྒྱུ་མེད་ན་ངོ་ཚ་བ་ལ་ཞེས་ཁང་ཤོད་ལྕི་བ་བསོགས་མེད་པ་ལ་ཁྱིམ་གྱི་བདག་མོ་ལས་ལ་དོན་གཉེར་མེད་པའི་རྟགས་དང་དུད་ཚང་མར་འགྲོའི་ལྟོས་སུ་ལྟ་སྲོལ་ཡོད། སྔོན་ཆད་ལྕི་བ་ནི་ཞིང་པའི་འཚོ་བར་ཚ་ནུས་ཀྱི་ཐོན་ཁུངས་གཙོ་བོ་ཡིན་ཞིང་ལྕི་བ་བུས་པ་ནི་ལུད་ཀྱི་ཡོང་ཁུངས་གཙོ་བོ་ཞིག་ཀྱང་ཡིན་ནོ།།

ལོ་ཐོག་ཁྱིམ་དུ་རྩིག་བརྒྱབ་ནས་དུས་ཚོད་ངེས་ཅན་ཞིག་ལ་བཞག་རྗེས་འཁོར་མས་བརྡུངས་ཏེ་རྩྭ་སོག་དང་འབྲུ་རྡོག་སོ་སོ་ཕྱེ་བ་ལ་ལོ་ཐོག་རྡུང་དང་། བརྡུང་བྱབ་རྡུང་སོགས་མིང་མི་འདྲ་བར་འབོད་སྲོལ་ཡོད། དུས་རབས་ཉེར་གཅིག་གི་འགོ་ལ་ཡུལ་ཕལ་མོ་ཆེར་ད་དུང་མིས་ལག་པས་རྡུང་བཞིན་ཡོད། མིས་ལག་རྡུང་བྱེད་པའི་ཡོ་བྱད་གཙོ་བོ་ནི་ཟོར་བ་དང་འཁོར་མ་ཡིན། འདིའི་ཞིང་པ་ཚོས་ལོ་

ཏོག་རྡུང་བྱེད་ཀྱི་འཁོར་མའི་མིང་ལ་དབྱུག་སྐོར་ཟེར་ཞིང་གཙོ་བོར་དབྱུག་མ་དང་། དབྱུག་ལེབ། སྤུན་ངུ

༼ ཡུལ་སྐད་དེ་དབྱུག་ལེབ་ཀྱི་སྣེ་མོ་དང་དབྱུག་མའི་འཁོར་མིག་གཉིས་སུ་འཕྲེད་དུ་དྲངས་པའི་ཐུར་མ་ཞིག། དཔེ་ཆ་འགར་དེའི་མིང་ལ་དབྱུག་ཟ་ཞེས་བྲིས་འདུག། ༽ བཅས་ལས་གྲུབ། དབྱུག་མ་ནི་དབྱུག་ལེབ་ཀྱི་ཡུ་བ་སྟེ་རྒྱུ་ཆ་ཤིང་འབོ་ལོས་བྱེད་པ་ཡིན། དབྱུག་ལེབ་ནི་མ་བཞི་བུ་དྲུག་ཅེས་དབྱུ་གུའམ་དབྱུག་མདའ་དཀྱིལ་ན་རིང་པོ་བཞི། ལོགས་གཉིས་སུ་ཐུང་ཐུང་རེ་བཅས་རྒྱུན་བུས་རྐང་དྲུག་ཡོད་པའི་སྣེ་མོ་ལེབ་མོ་དང་བཞི་ཡོད་པའི་སྣེ་མོ་བཞི་ཆག་ཏུ་བསྒྲོགས། དེའི་ཐོག་ཏུ་ཨ་ཀྲད་སོགས་ཀོ་ཧྲུལ་གྱིས་བསླན་ཡོད། འགའ་རེས་དབྱུག་སྐོར་གྱི་རྡུང་ཕྱོད་ཆེ་ཕྱིར་དབྱུག་མདའ་རིང་པོ་རྐང་དྲུག་དང་ཐུང་ཐུང་རྐང་གཉིས་བཅས་མ་དྲུག་བུ་བརྒྱད་དམ་ཡང་ན་མ་བཞི་བུ་དྲུག་གི་དཀྱིལ་ན་ད་དུང་ཐུང་ངུ་ཞིག་བསྒྲོགས་ཏེ་དབྱུག་མདའ་མ་བཞི་བུ་བདུན་བྱེད་པའང་ཡོད། དབྱུག་མདའ་ནི་སྲ་མཁྲེགས་ཅན་གྱི་ཤིང་སྟེ་རབ་ཏུ་བྱུང་ན་ཚ་རུ་དང་མ་བྱུང་ན་སྟག་པ་ཡིས་བྱེད་པ་ཡིན། ཡུལ་ལ་ལ་ན་འོམ་བུས་བྱེད་པའང་ཡོད་སྐད། བརྡུང་ས་ནི་སྔོན་ཆད་ཕལ་ཆེར་དུད་ཚང་སོ་སོའི་ཁང་རྩེའི་ཐོག་ཡངས་སུ་ཡིན་ཞིང་། ཕྱིས་འཕྲུལ་ཆས་བྱུང་བ་ནས་ཡོངས་ལ་ཁང་པའི་ལོགས་སུ་གཡུལ་ར་ཞེས་ཆེད་དུ་ལོ་ཐོག་བརྡུང་སའི་གཡུལ་ཁ་ཡོད་པར་གྱུར། ལོ་ཐོག་ལག་རྡུང་བྱེད་སྐབས་ནས་ཡིན་ན་ཐོག་མར་བམ་པོ་གཉིས་གཉིས་ཕན་ཚུན་མགོ་གཏད་དེ་གཡུལ་ཁ་ཡོངས་སུ་གཡུལ་ཁེབས་བཀོད། བམ་པོ་རླན་ཤས་ཆེ་ན་དེའི་སྔོན་དུ་འགོ་ཚུགས་རྒྱག་ཅེས་གཡུལ་ཁ་ཀུན་ཏུ་བམ་པོ་འགོ་གྱེན་དུ་བསླངས་ནས་ཉི་མར་ལྡེས་ནས་སྐམ་པར་བྱས། གཡུལ་ཁེབས་ལེགས་པར་བཀོད་རྗེས་དབྱུག་སྐོར་གྱིས་གཡུལ་ཁེབས་བཀོད་པའི་བམ་པོ་སྟེང་འོག་བརྗེ་བཞིན་སྙེ་མ་ཁོ་ན་བརྡུངས། སྙེ་མ་ཕལ་ཆེར་སོག་དང་བྲལ་རྗེས་སུག་སྦུག་རྣམས་ཁ་ཁ་ལོགས་སུ་ཕྱེ། གཡུལ་དུ་ཐོར་པའི་སྙེ་མ་ལ་རྡོག་རོལ་རྒྱག་གམ་རྡོག་རིས་རྒྱག༼ ཡུལ་སྐད་དེ་ཐང་མ་ཁོད་སྙོམ་པ་དང་གོང་འོག་བརྗེ་བའི་ཆེད་དུ་རྐང་པ་གཉིས་ས་ལ་དྲུད་དེ་རོལ་རིས་བཏོད་པ་ལ་ཟེར། ༽ བཞིན་ཡང་ནས་ཡང་དུ་བརྡུངས་ཤིང་ལེགས་པར་བྱབས་རྗེས་ནས་མ་ཟུར་དུ་ཕུང་པོར་སྤུངས་ནས་ཕྱར་པེ་ལེན་བྱས། ཡང་གཡུལ་ཁེབས་གསར་པ་བཀོད་ནས་དེ་བཞིན་དུ་ནས་རྩིག་མ་རྫོགས་བར་དུ་བརྡུངས། དེ་ནི་ནས་ཀྱི་འགོ་མ་ཡིན་པས་འགོ་མ་རྡུང་ཞེས་ཟེར་ཞིང་དེ་ལས་བྱུང་བའི་འབྲུ་ནས་སྨར་རྐྱང་བཟང་ཤོས་རྣམས་ལོ་ཕྱི་མའི་ས་བོན་འདང་ཤག་ཤག་ཅིག་ཉར་རྗེས་གཞན་ཕལ་ཆེར་ཞིང་པ་རང་གི་བཟའ་རྒྱུར་བྱེད་པ་ཡིན།

ཁ་ཤས་ཀྱིས་དབྱུག་པ་ཕྲ་མོས་བམ་པོ་ལ་བསྐྱོན་ཏེ་སྙེ་སྐེ་བཅད་ནས་འགོ་སོག་སོ་སོར་ཕྱེ་བའང་ཡོད།

(མུ་འགོད།)