ཆུ་འཛིན་རི་རྩེར་དལ་གྱིས་ཕྱོགས་ཀུན་འཁྱུད།།
རླུང་བུ་བསེར་ཆུང་ལྷོད་པོར་ངོ་གདོང་ལྡག །
ཡིད་ཀྱི་མཛེས་པ་མིག་སྔར་མངོན་པ་འདིས།།
ཡ་ཆུང་སྙིང་ནས་དབྱར་ལ་དགའ་བ་སྐྱེས།།
ས་གཞིར་སྣུམ་ཤ་དོད་པའི་ཁྱོན་ཀུན་ཏུ།།
མེ་ཏོག་རེ་ཟུང་མཛེས་པ་ལྷད་མེད་གོས།།
མཐོང་ན་ཡིད་དབང་འཕྲོག་པར་བྱེད་པ་ཡི།།
དབྱར་ཀ་འདི་ལ་བསྟོད་ཚིག་ཉུང་ཉུང་མིན།།
ནོར་གནག་ངུར་སྒྲའི་ཁྲོད་ན་དགའ་བ་ཐོས།།
ལུག་ཁྱུའི་རྩེད་འཇོའི་ཁྲོད་ན་དུང་བ་མཐོང་།།
དགའ་དུང་མཐའ་དག་སྩོལ་པའི་དབྱར་ཁ་འདི།།
བཤད་ན་རྫོགས་པ་མེད་པའི་གཏམ་རྒྱུད་ཡིན།།
འབྲུག་སྒྲ་ཐར་ཐོར་གྲག་དུས་ཞེད་སྣང་སྐྱེས།།
སེར་བ་ཤེད་ཀྱིས་རྡོལ་དུས་དངངས་སྣང་སྐྱེས།།
དེ་དག་ཡལ་དུས་འཇའ་དང་འཇའ་གུར་དག །
མཐོང་བས་བརྗོད་ལས་འདས་པའི་ཚོར་བ་ཡོད།།
དབྱར་ཁ་གཉོམ་པའི་ཚུལ་གྱིས་འཇབ་ནས་ཡོང་།།
མི་ཚོགས་ལྷག་པར་དབྱར་ཁར་ཉེ་འདང་ཡོད།།
དབྱར་ཁ་གཉོམ་པའི་ཚུལ་གྱིས་བྲོས་ནས་འགྲོ།།
དེ་དུས་སེམས་སུ་ན་ཟུག་བླ་ལྷག་ལྕི།།
༼ གཟི་ནག་པོ། ༽