国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབྱར་གྱི་མཛེས་ལྗོངས་ ལ་བསྟོད་པ།

སྤྲིན་ནག་དང་ནི་རྡུལ་ཚོགས་མ་བསླད་པའི། །

དྭངས་གསལ་ཤེལ་གྱི་མེ་ལོང་མཚུངས་པ་ཡི། །

མཐའ་ཀླས་ལྷ་ལམ་ཡངས་པོའི་གདོང་བ་རུ། །

འོད་ཟེར་ལམ་ལམ་མཆེད་པའི་རྟ་བདུན་པ། །

རི་རྩེ་བརྒྱུད་ནས་དལ་གྱིས་ཕེབས་པའི་དུས། །

སྣང་བའི་རྦ་རླབས་འཕྱོ་བཞིན་ག་ལེར་བྱོན། །

མཐོ་བརྗིད་རི་བོ་མཛེས་པའི་འདབས་ཀ་ན། །

སྦྲ་ནག་རོག་རོག་ཕུབ་པའི་འབྲོག་གི་གཞིར། །

ཞོགས་པའི་མཚམས་སྤྲིན་ལྷན་དུ་འཕྱོ་བ་ཡི། །

སྔོ་མདོག་དུ་སྨུག་ལང་ལོང་མཁའ་རུ་འཁྱིལ། །

ནོར་གནག་བཞོན་མའི་ངུར་སྒྲ་ལྷས་ལ་འཁོར། །

ལྷས་ཁྲོད་བུ་མོས་བཞོ་དབྱངས་ངག་ལ་གྱེར། །

མཐའ་བྲལ་ལྷ་ཡི་རྫིང་རིང་ཡངས་པའི་ངོས། །

སྤྲིན་དཀར་ལང་ལོང་ཐོལ་གྱིས་གཡོ་བ་ཡིས། །

གཡུ་འབྲུག་སྔོན་མོས་ངར་སྒྲ་ཧད་ཀྱིས་སྒྲོག །

ཆར་གྱི་ཟེགས་མ་ཟིམ་ཟིམ་ཕྱོགས་སུ་འཐོར། །

སྤང་ལྗོངས་ཁྲ་ཚོམ་མེ་ཏོག་འདབ་བརྒྱ་གྲོལ། །

ཕྱེ་ལེབ་དང་ནི་རྐང་དྲུག་བཅུད་ཀྱིས་འགྲངས། །

ལྷུན་སྟུག་ནགས་ཀླུང་ཕྱུག་མོའི་ཁུད་པ་ནས། །

འཚོ་བའི་མེ་ཏོག་གསོ་བའི་རི་དྭགས་ཚོགས། །

སྙན་པའི་སྐད་ངག་འགྲོལ་བའི་བྱེ་འུ་སོགས། །

བགས་ཀྱིས་རྒྱུ་ཞིང་སྙན་པར་གྲགས་པ་ཡིས། །

སེམས་ཀྱི་སྨོན་པ་ངང་གིས་འཆོར་བས་ཀྱང་། །

དབྱར་གྱི་ལྗོངས་ཆེན་བསྟོད་པའི་གཞི་རུ་བྱ། །

སྔོ་ལྗང་གཡུ་འདབ་རྒོད་པའི་སྐྱེད་མོས་ཚལ། །

ཡིད་འོང་མེ་ཏོག་དཀར་སེར་ཐགས་སུ་བཀྲ། །

ཞིམ་མངར་བཅུད་ཀྱི་དྲི་ངད་ཕྱོགས་སུ་འཐུལ། །

དེ་ཚེ་བདེ་དགའི་དཔལ་ལ་ལོངས་སྤྱོད་པའི། །

བུང་བ་གཞོན་ནུ་དགའ་བས་མྱོས་བྱས་པས། །

སྙན་པའི་གཤོག་གླུ་ལེན་གྱིན་འཕུར་མ་ལྡིང་། །

ནམ་མཁའ་ལ་ནི་འཇའ་ཚོན་རྣམ་པར་བཀྲ། །

འཛིན་མའི་ངོས་སུ་རྩི་ཤིང་རྣམ་པར་བཞད། །

ཆར་གྱིས་བཀྲུས་པའི་འདབ་གྲོལ་མེ་ཏོག་ཚོ། །

ཞིམ་ངད་འཐུལ་ཞིང་འོད་ཟེར་ལམ་ལམ་གྱིས། །

མཛེས་པའི་སྤང་དུ་སྐར་མའི་ཁྲ་རྒྱན་བཞིན། །

དབྱར་གྱི་གདོང་ལ་མཛེས་པའི་ཚོན་རྩི་བྱུག །

༼ སྨྱུག་ཞེན། ༽