国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབྱར་གྱི་སྣང་བ།

དུས་བཞིའི་འགྱུར་བ་དབྱར་གྱི་པང་ན་སླེབས།།

རི་རྩེའི་ཁ་བའི་དབུ་ཞྭ་དལ་གྱིས་ཕུད།།

གཙང་ཆུ་ལུ་མ་ཤང་ཤང་མདུན་ནས་བཞུར།།

ཡངས་པོའི་སྤང་ཐང་རིམ་གྱིས་ལྗང་མདོག་གྱུར།།

འདོད་ཡོན་མེ་ཏོག་སྣ་བརྒྱ་ཕྱོགས་སུ་བཀྲ།།

འདབ་ལོ་རླུང་བུའི་གར་དུ་ལྡེམ་ལྡེམ་གཡོ།།

བསུང་ཞིམ་དྲི་འཛིན་དབང་པོའི་བཅུད་དུ་བསྣམས།།

ཨེ་མ་ལུས་སེམས་བདེ་བའི་ཞིང་དུ་འཁོད།།

ནོར་འཛིན་སྒེག་མོའི་ལང་ཚོ་དཔལ་འབར་བར།།

ཆགས་པའི་འབུ་དང་བུང་བའི་ཚོགས་རྣམས་ཀྱིས།།

དགའ་བའི་གཤོག་གླུ་འཐེན་གྱིན་ལྡིང་བ་འདི།།

དབྱར་གྱི་སྣང་བ་དགྱེས་པའི་གྲོགས་སུ་ཆེ།།

ཞོགས་པའི་ཉི་གཞོན་གསར་པའི་འཛུམ་རིས་ཁྲོད།།

མདང་ནུབ་ཆར་པས་བཞག་པའི་ཟིལ་བ་ནི།།

འཇམ་མཉེན་ཡལ་གའི་ངོས་སུ་ཁྲོམ་མེ་བ།།

འོད་ཀྱི་རྣམ་པར་ཕྱུག་པའི་ཚུལ་དེ་མཛེས།།

ཡར་གྱི་ཞི་བའི་ལྗོངས་ཀྱི་ནགས་ཀླུང་དུ།།

ལྗོན་ཤིང་བཀོད་པ་མཛེས་པའི་ཐུ་འོག་ནས།།

འཇོལ་མོའི་ཤུགས་གླུ་རིང་མོའི་དབྱངས་འགྲོས་དང་།།

ལྷན་དུ་བྱ་བྱིའུ་སྣ་ཚོགས་བར་མེད་གྲགས།།

ལྷ་ཤིང་གཡུ་ལོ་བརྩེགས་མའི་དབུ་རྩེ་ནས།།

ཁུ་བྱུག་དགའ་མས་མགྲིན་གླུ་དལ་གྱིས་ངང་།།

བསྒུགས་པའི་ཡིད་སེམས་གསོ་བའི་སླད་དུ་ལ།།

སྙན་འཇེབས་དབྱངས་ལ་བཀུག་ནས་ལན་གསུམ་སྦྲན།།

སྣ་ཚོགས་རྩི་ལྗོན་སྣོལ་མའི་དབེན་གནས་འདིར།།

ཕུན་ཚོགས་སྡེ་བཞིའི་འབྲས་བཟང་ཀུན་ནས་རྒྱས།།

ལྷིང་འཇགས་ཞུ་བདེའི་འཚོ་བར་ལོངས་སྤྱོད་པའི།།

བླ་སློབ་དུ་མའི་ཐུགས་དགོངས་དུས་འདིར་དགྱེས།།

དབྱར་གྱི་གཡུ་ལྗོན་ལོ་མ་ལྡེམ་ལྡེམ་དུ།།

བསིལ་འཇམ་རླུང་བུའི་གར་དུ་ཡང་ཡང་རྩེན།།

སྨིན་ལེགས་འདབ་ཕྲེང་ཡིད་ལ་རབ་སྡུག་པས།།

ཡིད་སེམས་གཞན་ལ་འཁྲེང་བའི་གོ་སྐབས་བྲལ།།

༼ གློག་འོད། ༽