国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གངས་འདབས་ཀྱི་ དབྱར་ཁ།

ལོ་ཟླ་ཡུན་གྱིས་རྫོགས་པའི་གངས་འདབས་ཀྱི།།

རི་ཆུ་ནགས་གསུམ་ཉི་ཟླ་སྐར་གསུམ་སོགས།།

མིང་དང་ཚིག་གིས་མཚོན་པར་མི་ནུས་ཀྱང་།།

ཅུང་ཟད་འབྲི་བའི་མོས་པ་རབ་ཏུ་ལྕི།།

ཡངས་པའི་ནམ་མཁའ་མི་འགྱུར་དྭངས་གཙང་གཤིས།།

རྟ་བདུན་ཉིན་བྱེད་རྒྱལ་མཚན་མཁའ་རུ་འཕྱོ།།

ཆུ་འཛིན་དུང་གི་མེ་ཏོག་ཕྱོགས་སུ་འཐོར།།

དཀར་གསལ་ཟླ་བའི་ཕ་ཁྱིམ་སུམ་རྩེན་གྲོང་།།

སྦྲང་ཆར་ལྷ་ཡི་ལྷ་ཆབ་དལ་བུར་འཇོ།།

སྟོང་ཉིད་སྒྱུ་མའི་འཇའ་ཚོན་མཐོངས་སུ་བཀྲ།།

སྨུག་པའི་ཡོ་ལང་རི་ཁྱུའི་རྐེད་ལ་འཁྱུད།།

དབྱངས་ལྡན་སྨན་ཆུང་མགྲིན་པ་སྙན་པས་ཕྱུག།

རབ་དཀར་གངས་ཀྱི་རྩེ་མོ་གནམ་ལ་ཟུག།

རང་བྱུང་ནགས་ཀྱི་ལྗོན་པའི་ཚང་ཚིང་དཀྲིག།

རི་སྐྱེས་རི་དྭགས་སྣ་ཚོགས་བག་ཡངས་ཉུལ།།

བྱ་དག་གཤོག་ཟུང་བརྐྱངས་ཏེ་གནམ་ཕང་བརྟོལ།།

ནོར་འཛིན་ནོར་བུའི་དགའ་འཁྱིལ་སྔོ་སང་སང་།།

དཀར་དམར་མེ་ཏོག་ཚོན་གྱིས་ཕྲ་རྒྱན་བཏབ།།

ཕུན་ཚོགས་བརྒྱད་ལྡན་ཆུ་ལ་གསེར་ཉ་འཁོར།།

ཤིང་ཕྲན་མེ་ཏོག་ཚལ་སྡུག་ཁུར་གྱིས་དུད།།

མཚོ་དང་མཚེའུའི་མེ་ལོང་ཀུན་ནས་རྒྱས།།

རྩྭ་ལྗང་ལུས་ཀྱི་སྤུ་ཉག་ཟིལ་བས་བརླན།།

བསིལ་འཇམ་རླུང་བུས་དྲི་ངད་ཁུར་ཏེ་རྒྱུ།།

ངོ་མཚར་བརྩེ་བའི་ཞིང་འདི་སུ་ཡིས་བསྐྲུན།།

ཅང་ཤེས་འགྲོས་མྱུར་འཚེར་སྐད་བྲག་ལ་ཐིམ།།

ནོར་གནག་འབྲོང་ཚ་གད་པའི་འཁྲིས་སུ་འགྱིང་།།

གཡང་དཀར་ཚེ་མོའི་འབག་སྒྲས་རི་ལུང་ཁྱབ།།

རྫི་གཞོན་ཟུང་འཇུག་གླུ་ཡི་དཔལ་ལ་གཡེང་།།

མཐའ་ཡས་རྩྭ་ཐང་རྟ་ནོར་ལུག་ཁྱུས་གང་།།

རྩིད་ནག་སྦྲ་ཁྱིམ་ཞོ་དང་འོ་མས་བཀང་།།

ཁ་ལ་རྩམ་དྲི་འཐུལ་བའི་འབྲོག་པ་འམ།།

ཡང་ན་གདོང་དམར་པ་འདི་བསོད་ནམས་ཆེ།

འདི་ལྟར་ཉི་མ་ཡོལ་བའི་དགོང་སྲོད་རེར།།

མིག་ཟུང་མཚམས་སྤྲིན་ཟེར་ལ་ཅེར་ཞོར་དུ།།

ཤ་རུས་གསེང་ནས་རྡོལ་བའི་གླུ་ཚིག་དག།

དྲན་པ་ཁེར་ཉུལ་ཞིག་གི་འདུག་རོགས་བྱས།།

༼ འོད་འཛིན་མ། ༽