ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ7ཚེས29ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཟླ7ཚེས29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་གཞོན་ནུའི་ཞི་བདེའི་ཚོགས་ཆེན་ལ་འཕྲིན་ཡིག་སྤྲིངས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། འདི་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་ལོ་ཞིག་རེད། ལོ་ངོ་80ཡི་གོང་། ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་མི་དམངས་དང་མཉམ་དུ་དཀའ་བ་ཚད་མེད་སྤྱད་ནས་ཁྲག་བཏོན་དམར་འཛིང་བྱས་པ་བརྒྱུད་ཧྥ་ཤི་སི་རིང་ལུགས་ཕམ་ཉེས་མཐར་ཕྱིན་པ་བཏང་བས་ཐོབ་པར་དཀའ་བའི་ཞི་བདེ་བྱུང་ཡོད།
ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ཞི་བདེའི་འབྱུང་འགྱུར་གྱི་རེ་བ་གཞོན་ནུ་ཚོར་བཅོལ་ཡོད་པས། རྒྱལ་ཁབ་ཁག་གི་གཞོན་ནུ་གྲོགས་པོ་ཚོས་ཐེངས་འདིའི་ཚོགས་ཆེན་གོ་སྐབས་སུ་བཟུང་ནས་བསམ་བློ་སྤེལ་རེས་དང་། རྒྱུས་ལོན་ཟབ་གཏོང་། མཛའ་གྲོགས་ཆགས་པ་བཅས་བྱས་ཐོག་མཉམ་དུ་ཞི་བདེའི་འདུ་ཤེས་དར་སྤེལ་གཏོང་མཁན་དང་ཞི་བདེ་འཕེལ་རྒྱས་ཀྱི་བྱ་སྤྱོད་སྤེལ་མཁན་ཞིག་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།
འཛམ་གླིང་གཞོན་ནུའི་ཞི་བདེའི་ཚོགས་ཆེན་ཉིན་དེར་པེ་ཅིང་དུ་འཚོགས་ཤིང་། བརྗོད་དོན་གཙོ་བོ་ནི“ཞི་བདེའི་ཆེད་མཉམ་དུ་འབད”ཅེས་པ་ཡིན་པ་དང་། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་དང་ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐུན་མོང་ཐོག་གཉེར་བ་རེད།། ( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)