ཉེ་ཆར། 2025ལོའི་རྩྭ་ཐང་རྟ་རྒྱུག་ལི་ཐང་འདྲ་བ་མེད་ཅེས་པ་གཙོ་དོན་བྱས་པའི་རྟ་རྒྱུག་རིག་གནས་ཡུལ་སྐོར་དུས་ཚིགས་མཁའ་དབྱིངས་གྲོང་ཁྱེར་ལི་ཐང་རྫོང་ནས་འགོ་བཙུགས། རྟ་རྒྱུག་རིག་གནས་ཡུལ་སྐོར་དུས་ཚིགས་དེ་སྤྱི་ཟླ7པ་ནས9པའི་བར་ཡིན་ཞིང་། ཡུལ་མི་ཚོ་དགའ་ཞེན་ཆེ་བའི་རྟ་རྒྱུག་དང་ཡུལ་སྐོར་བའི་སྤྲོ་གསེང་འདུ་ཚོགས་བཅས་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཀྱི་རིག་གནས་ཡུལ་སྐོར་ཞིག་བཏོད་དེ་འཛམ་གླིང་ལ་ལི་ཐང་གི་ཐུན་མོང་མ་ཡིན་པའི་རྟ་རྒྱུག་རིག་གནས་ཀྱི་ལྟད་མོ་གྱ་ནོམ་པ་ཞིག་མངོན་རྒྱུ་རེད།
འདུ་ཚོགས་ལ་རིག་གནས་ཀྱི་མྱོང་རོལ་ཕུན་སུམ་ཚོགས་པོ་ཡོད་དེ། བོད་ཀྱི་ལྷ་མོའི་ཟློས་གར་དང་མི་སྟོང་སྐོར་བྲོ། བོད་ཡིག་ཡིག་གཟུགས། སྙན་ངག་རྡེབ་བཤུས། ཁམས་ཀྱི་རྒྱན་གོས་སོགས་བོད་རང་གི་ཁྱད་ཆོས་ལྡན་པའི་རིག་རྩལ་མཉམ་འཛོམས་ཀྱི་འཁྲབ་སྟོན་བྱས་པ་རེད།།
ཤེས་རྟོགས་བྱུང་བར་གཞིགས་ན། ལི་ཐང་རྟ་རྒྱུག་རིག་གནས་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་ལོ་རེའི་སྤྱི་ཟླ8པར་རྟ་རྒྱུག་དང་རྟ་རྩལ་འགྲན་སྲོལ་ཡོད། 2008ལོར་སི་ཁྲོན་ཞིང་ཆེན་གཟུགས་མེད་རིག་གནས་ཤུལ་བཞག་མིང་ཐོར་ཚུད་པ་དང་། 2019ལོར་ལི་ཐང་ལ་ཀྲུང་གོ་བོད་རིགས་རྟ་རྒྱུག་རིག་གནས་ཀྱི་ཕ་ས་ཞེས་པའི་མཚན་སྙན་ཐོབ།
( ཡེ་ཤེས་ཀྱིས་བསྒྱུར།)