国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཟོག་རྫི་ནས་ལག་ཁྱེར་ཐོབ་པའི་ལག་རྩལ་བཟོ་པའི་བར་གྱི་འགྱུར་ལྡོག།

འབའ་ཐང་རྫོང་རྫོང་རྩ་གྲོང་རྡལ་གྱིས་འོད་ཤུགས་ལ་བརྟེན་ནས་ཞིང་པའི་ཡོང་འབབ་སྤར།

ཐུབ་བསྟན་གྱིས་གླ་ཕོགས་ལེན་བཞིན་པ།

ནམ་ཟླ7པའི་མཐོ་སྒང་ནི་ཉི་མ་ཚ་ལ་ཤིན་ཏུ་དྲོ་བ་ཡིན། འབའ་ཐང་རྫོང་རྫོང་རྩ་གྲོང་རྡལ་སྤང་ལམ་གྲོང་པའི་ཡུལ་མི་ཐུབ་བསྟན་གྱིས་ལག་ཏུ་ཐོབ་པའི་གླ་ཕོགས་སྒོར4500ལ་ལྟ་བཞིན་གདོང་ལ་འཛུམ་གྱིས་ཁེངས་པའི་སྒོས་སྔོན་ཆད་ཁྱིམ་ཚང་གང་བོས་དབྱར་རྩྭ་དགུན་འབུ་བརྐོས་ན་ཡང་ཡོང་སྒོ་དེ་འདྲ་ཡག་པོ་མི་ལོན། ད་ལྟ་འོད་ཤུགས་གློག་ཚུགས་སུ་ལས་ཀ་ལས་བཞིན་ཡོད། ཟླ་རེར་གླ་ཕོགས་སྒོར4500མིག་བཙུམས་ན་ཡང་ལོན་ཐུབ། སྔོན་ཆད་ལོ་ཕྱེད་ཀར་ལས་ཀ་དེ་འདྲ་ལོན་མི་ཐུབ་ཅེས་གསར་འགོད་པ་དེ་ལྟར་བཤད། ཐུབ་བསྟན་ཚང་ལ་མཚོན་ན་ཁྱིམ་ནང་བཟའ་མི་མང་བ་དང་། ལས་ཀ་འགུལ་ཐུབ་མཁན་ཉུང་བ། སྔོན་ཆད་ཡིན་ན་ཁོ་ཚང་ནི་གྲོང་པ་ནང་གི་དབུལ་ཐར་ལྟ་ལྟོག་བྱ་ཡུལ་ཁྱིམ་ཚང་དཀའ་ངལ་ཅན་གྱི་གྲས་ཡིན། འོད་ཤུགས་ལས་གཞི་ལག་ལེན་བསྟར་རྗེས། གྲོང་པས་ཁོ་ལ་གློག་ཚུགས་ནང་ལས་གནས་འཚོལ་རོགས་བྱས་ཏེ་ཐག་རིང་དུ་སྒོར་མོ་བཙལ་སར་འགྲོ་མི་དགོས་པ་ཐག་ཉེ་ནས་ལས་ཀ་རག་པར་མ་ཟད་ཡོང་སྒོ་ཡང་ཡག་མོ་ལོན་ཐུབ་པ་རེད།

ཐུབ་བསྟན་གྱི་འགྱུར་ལྡོག་ནི་རྫོང་རྩ་གྲོང་རྡལ་གྱིས་སྤྱིའི་འཕྲུལ་སྦྱོར་གློག་ཤོང་ཚད་སྟོང་ཝད་ཁྲི120ཡི་འོད་ཤུགས་ལས་གཞི་ལ་བརྟེན་ནས་ཞིང་པའི་འཚོ་བ་ཇེ་ལེགས་སུ་གཏོང་བའི་མཚོན་ཚུལ་ཞིག་ཡིན། འོད་ཤུགས་གློག་ཚུགས་ལ་བརྟེན་ནས་ཡུལ་མི་ཚོས་ཡོང་འབབ་ཆེས་མཐོ་ཤོས་རག་དུས་སྒོར་ཁྲི300ལྷག་ཐོབ་ཡོད།

རྫོང་རྩ་གྲོང་རྡལ་གྱིས་རྩལ་ནུས་ནི་ཡུན་རིང་པོར་གཞི་ཚུགས་སའི་རྩ་བ་ཡིན་པ་ཤེས་རྟོགས་བྱུང་། ལས་གཞི་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག་ཏུ་གྲོང་རྡལ་དེས་ཨར་ལས་འགུལ་མཁན་དང་མཉམ་འབྲེལ་བྱས་ཏེ“འོད་ཤུགས་རྩལ་ནུས་འཛིན་གྲྭ”བཙུགས་ནས་ཆེད་ལས་ལག་རྩལ་མི་སྣས་ཡུལ་དངོས་སུ་གློག་ལམ་གྱི་རྩ་བའི་རིགས་པ་དང་། སྒྲིག་ཆས་སྲུང་སྐྱོབ། ཉེན་མེད་ཚད་གཞི་སོགས་ཀྱི་ཤེས་བྱ་ཁྲིད་པ་རེད། ན་གཞོན་ལོ་ཆུང་བསྟན་འཕེལ་ལ་མཚོན་ན་ཐོག་མར་སྟབས་བདེའི་འོད་ཤུགས་པང་ལེབ་སྒྲིག་སྦྱོར་ལས་མི་ཤེས་པ་དང་། རྩལ་ནུས་སྦྱངས་རྗེས་རང་ཚུགས་ངང་བསྒྲིག་ཚན་སྙོམ་སྒྲིག་ཐུབ་པ་བྱུང་ནས་གླ་ཕོགས་ལྡབ་གྱུར་གྱི་འཕར་ཡོད་པར་མ་ཟད་ལག་རྩལ་མཁས་པའི་གྲས་སུ་ཡང་ཚུད་ཡོད། གྲོང་རྡལ་སྤྱིར་མཚོན་ན་ཞིང་པ8ལ་གློག་ལས་དང་ཚ་ལའི་བཟོ་པ་སོགས་ཀྱི་ལག་ཁྱེར་ཐོབ་པས་གནས་སྐབས་གླ་པ་ནས་ལག་ཁྱེར་ཡོད་པའི་ལག་རྩལ་བཟོ་པར་གྱུར་ནས་ཡོང་འབབ་ཀྱང་ཇེ་མང་དུ་སོང་ཡོད།

ལས་གཏོད་ཀྱི་གསོན་ཤུགས་རྒྱས་པ། ས་གནས་དེ་གའི་ཞིང་འབྲོག་པ་ཚོའི་ལག་རྩལ་ཉིན་རེ་བཞིན་ཁོང་དུ་ཆུད་པ་དང་བསྟུན་ནས་གྲོང་རྡལ་སྲིད་གཞུང་གིས་འབོག་གླ་བྱེད་སྟངས་སྤེལ་བ་སྟེ། གྲོང་སྡེས་སྣེ་ཁྲིད་དེ་ཉམས་མྱོང་ལྡན་པའི་ཞིང་འབྲོག་པ་བསྡུས་ནས་ལས་གཞི་ཁག་གཅིག་དང་ལེན་བྱ་རྒྱུའི་སྐུལ་མ་བྱས་པ་རེད། གླ་ཕོགས་རྩི་སྟངས་ནི“ཉིན་ལྟར་དངུལ་རྩིས་པ”ནས“ལས་གཞིའི་གྲངས་འབོར་ལྟར་བསྡོམས་རྩིས་བྱེད་པ”རུ་བསྒྱུར་ཏེ་ལས་ཕྱོད་དང་ཡོང་འབབ་ཟུང་འབྲེལ་བྱས་ནས་ནང་གནས་སྒུལ་ཤུགས་སྐུལ་སྤེལ་བཏང་ཡོད། ཞིང་འབྲོག་པ་རྣམས་རང་ཉིད་ཁོ་ནས་བསྒྲུབ་པ་ནས་སྣེ་ཁྲིད་ནས་བསྒྲུབ་པའི་ཕྱོགས་སུ་བསྒྱུར་པ་དང་། སྔོན་གྱི་གླ་པ་ཆུང་ཆུང་ནས་དེང་གི་ལས་འགན་གཙང་ལེན་བར་འགྱུར་ལྡོག་བྱུང་སྟེ། མི་གཅིག་གིས་སྣེ་ཁྲིད་བྱས་ཏེ་གྲོང་ཚོ་ཡོངས་ཀྱི་ཡོང་འབབ་འཕར་བའི་མཉམ་དུ་ཕྱུག་པོར་ཆགས་པ་མངོན་འགྱུར་བྱུང་ཡོད།

ལས་གཞི་ལེགས་གྲུབ་བྱུང་རྗེས་དེའི་ཕན་འབྲས་རྒྱུན་མཐུད་ངང་ཐོན་ཡོད། སྔོན་གྱི་བེད་མེད་ཀྱི་རྩྭ་ར་དང་ས་རྒོད་ས་མུའུ་ཁྲི2.4དེར་འོད་ཤུགས་གློག་ཚུགས་བཙུགས་རྗེས་བེད་ཡོད་དུ་གྱུར་ཡོད། ས་ཆའི་བོགས་དངུལ་ས་མུའུ་རེར་ལོ་རེར་སྒོར200གཏན་ལ་ཕབ་པར་མ་ཟད། ལོ་ལྔ་རེར་བརྒྱ་ཆ10འཕར་ནས་ས་ཆའི་བོགས་དངུལ་ཆེས་མཐོ་ཤོས་ས་མུའུ་རེར་སྒོར300ལོན་ཐུབ། “གློག་པང་ནས་གློག་འདོན་དང་གློག་པང་འོག་ཏུ་ཕྱུགས་འཚོ་བའི”རྣམ་པ་དེས་ས་ཞིང་ཐོན་ཁུངས་ཞིབ་ཚགས་ངང་བེད་སྤྱོད་དང་ཁོར་ཡུག་སྲུང་སྐྱོང་གཉིས་ཕན་མངོན་འགྱུར་བྱུང་བ་མཚོན་ཡོད།

ཏང་ཀྲི་པུའུ་དང་མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་སྦྲེལ་བའི་བྱེད་སྟངས་སྤྱད་པ་ནས་བཟུང་རྫོང་རྩ་གྲོང་རྡལ་གྱི་ཞིང་འབྲོག་པ་རྣམས་འཚོ་བ་སྐྱིད་པོའི་ཕྱོགས་སུ་གོམ་ཁ་བསྒྱུར་བ་དང་མ་འོངས་པར་རེ་བས་ཁེངས་ཡོད། འབའ་ཐང་གི་ལག་ལེན་དེ་ལས་མཐོ་སྒང་གི་ཞིང་འབྲོག་ཁུལ་དར་རྒྱས་ཡོང་བར་ལྗང་མདོག་གི་སྒུལ་ཤུགས་ཆེན་པོ་ཞིག་བསྣན་པ་རེད།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)