国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྙན་ངག་ལམ་གྱི་ཁ་བརྡ།

ཅི་ཞིག་ལ་སྙན་ངག་ཟེར་རམ་ཡང་ན་སྙན་ངག་གི་མིང་ལ་ཅི་ཟེར་རམ་ཞེ་ན།དེ་ནི་མི་ཞིག་གི་མིང་ལ་རྡོ་རྗེ་ཚེ་རིང་ཟེར་བའི་དབང་དུ་བཏང་ན།ས་ཆ་ལ་ལར་མཚམས་རེར་རྡོ་རྗེ་ཚེ་རིང་ལ་གཅེས་མིང་གི་ཚུལ་དུ་རྡོར་བྷ་ཞེས་ཀྱང་འབོད་པ་ལྟར་མིང་གཅིག་གཉིས་ཤིག་གིས་མི་ཚད་པར།སྙན་ངག་ལ་མཚན་ཉིད་འཇོག་སྟངས་ཤིན་ཏུ་མང་བར་བཤད་ཀྱང་ངས་ནི་ཤིན་ཏུ་མང་བའི་སྙན་ངག་གི་མཚན་ཉིད་ལས་གཅིག་ཀྱང་མི་ཤེས་པ་འདྲ།འོ་ན་སྙན་ངག་གི་མཚན་ཉིད་གཅིག་ཀྱང་མི་ཤེས་པའི་མི་ཞིག་གིས་སྙན་ངག་བྲི་ཆོག་གམ་ཟེར་ན་ཆོག་དང་ཆོག་སྙམ།རྒྱུ་མཚན་ནམ་མཁའ་རུ་ཤུགས་ཀྱིས་འཕུར་བཞིན་པའི་གནམ་གྲུ་ཀན་ལ་ལྟོས་དང་།ནམ་མཁའ་ལ་ནི་ལམ་ཡོད་པས་མི་ཚད་ནམ་མཁའ་ལ་ནི་སྙན་ངག་ཀྱང་ཡོད་པ་མ་རེད་དམ།

སྙན་ངག་གི་མིང་ཙམ་ཡང་མི་ཤེས་པའི་ཁོ་བོ།ཁོ་བོ་སྙན་ངག་ལ་ཤིན་ཏུ་དུངས་སྟབས་སྙན་ངག་གི་ཆེད་དུ་འདུར་ཁུལ་བྱས་ཀྱང་།སྙན་ངག་པ་ཡིན་ཟེར་བའི་ཁོ་བོ་ཅག་གི་སེམས་སུ་ཁོ་བོ་ནི་ཅི་ཡང་མིན་ཚོད་རེད།ཁོ་བོ་ཅག་ལ་མཚོན་ན་སྙན་ངག་ནི་ངེས་པར་དུ་སྙན་ངག་མེ་ལོང་མ་ལྟ་བུའི་སྙན་ངག་གི་གཞུང་དག་ལ་རྒྱབ་བསྙེས་དགོས་པ་ཞིག་རེད་སྙམ་བཞིན་འདུག་མོད་ཀྱང་།འོ་ན་སྙན་ངག་མེ་ལོང་མའི་མིང་ཙམ་ཡང་གོ་མ་མྱོང་བའི་ཉི་ཧོང་གི་སྙན་ངག་པ་དེ་ཚོས་སྙན་ངག་འབྲི་ཤེས་སམ།

སྙན་ངག་འབྲི་བའི་ལམ་ཁ་འདི་ནས་ང་དང་སྙིང་ཐག་ཉེ་བའི་མི་ནི་བུ་མོ་རྣམ་ཆེན་མཚོ་འབའ་ཞིག་ཡིན་པ་འདྲ།བུ་མོ་རྣམ་ཆེན་མཚོ་ནི་སྙན་ངག་གི་སྲས་མོ་ཞིག་ལྟར་སྙན་ངག་ལ་ཕ་འདང་མ་འདང་ཡོད་མཁན་ཞིག་ཡིན་པས་མི་ཚད།སྙན་ངག་ནི་རང་འབབ་ཀྱི་གཙང་པོ་ཞིག་ལྟར་རང་ཤུགས་ཀྱིས་ལྷོད་ཀྱིས་བཞུར་ཆོག་ཆོག་རེད་སྙམ་མཁན་ཞིག་ལས།སྙན་ངག་གི་གཞུང་ལྟ་བུའི་གྱང་ར་ཞིག་གི་ཕར་ནང་དུ་མ་ལྡང་ན་སྙན་ངག་མི་འཁྱོངས་སྙམ་མཁན་དེའི་རིགས་མིན་པས།ངེད་གཉིས་ནི་སྙན་ངག་གི་ཕྱོགས་ནས་མ་བགྲོས་གཅིག་མཐུན་གྱིས་གཅིག་སེམས་གཅིག་ལ་མཐུན་ཡོང་བ་ཞིག་རེད།

སྙན་ངག་ཟེར་བ་ཚོར་བས་བྲིས་ན།།

ང་ཡང་སྙན་ངག་པ་ཞིག་ཡིན།།

སྙན་ངག་ཟེར་བ་གཞུང་ལ་བསྟུན་ན།།

ང་འདི་ཉོག་གཏམ་པ་ཞིག་ཡིན།།

མི་ནི་མཚམས་རེར་རང་གིས་རང་ལ་བདེན་ཁ་སྟེར་དགའ་བའི་འགྲོ་བ་ཞིག་ཡིན་པར་མ་ཟད་རང་གིས་རང་ལ་བདེན་ཁ་སྟེར་དགོས་པའི་འགྲོ་བ་ཞིག་ཀྱང་ཡིན་དགོས་པ་འདྲ།འོ་ན་ངས་ཀྱང་གོང་ལྟར་རང་གིས་རང་ལ་བདེན་ཁ་སྟེར་བ་ལྟ་བུའི་སྐད་ཆ་དེ་བཤད་པ་ན།རྣམ་ཆེན་མཚོ་ལྷུག་ལྷུག་ཏུ་དགོད་བཞིན་མི་ཁ་བདེ་ལྕེ་བདེ་ཞིག་གིས་ཡིན་པ་མིན་པར་བསྒྲུབ་ནས་མིན་པ་ཡིན་པར་བསྒྲུབ་ནས་ཅི་མ་བདེན་སྙམ་པའི་གནས་ལུགས་གཞན་ཞིག་དྲངས་ཐུབ་པ་མངོན་གསལ་དོད་པོ་རང་རེད།ད་ལྟ་ཁྱོད་ཀྱང་མི་ཁ་བདེ་ལྕེ་བདེ་ཞིག་ཏུ་གཞི་ནས་གྱུར་ཚར་འདུག་པས།ཁྱོད་ཀྱིས་གནས་ལུགས་ཡོད་མེད་ལ་མ་ལྟོས་པར་རང་ལ་དབང་བའི་གནས་ལུགས་ཤིག་ཨུ་ཚུགས་མཐར་སྐྱེལ་གྱིས་རྒྱུན་འཁྱོངས་ཏེ་འཇིག་རྟེན་སྟེང་ཆེས་བདེ་སྐྱིད་ལྡན་པའི་མི་དེ་བྱེད་ཆོག་ཆོག་རེད་ཟེར།

རྣམ་མཁྱེན་མཚོས་བཤད་པའི་སྐད་ཆ་འདི་ལ་དུས་ཚོད་དང་བར་སྟོང་བརྒལ་བ་ལྟ་བུའི་བོངས་ཚད་མེད་ཀྱང་།ཁོར་ཡུག་ཆུང་ཆུང་ཞིག་གི་བསམ་བློས་འཆུན་དཀའ་བ་ལྟ་བུའི་ལྗིད་ཚད་ཅིག་ཏན་ཏན་འདུག་སྙམ།རྒྱུ་མཚན་ལོ་རྒྱུས་སུ་དོན་དངོས་ཟེར་བ་ཞིག་གླེང་ཐབས་མེད་པ་དང་ང་རང་ཚོ་འཚོ་ཞིང་གཞེས་པའི་འཇིག་རྟེན་འདི་ནི་དོན་གྱིས་ཤུབས་ཀྱི་འཇིག་རྟེན་ཞིག་ཡིན་པས་ན།ཤུབས་ཀྱི་འཇིག་རྟེན་ཞིག་ཏུ་དོན་དངོས་དང་དྲང་བདེན་ལ་གཞོལ་བ་ནི་ལས་ཀ་ལྷག་མ་ཞིག་ཀྱང་ཡིན་ངེས་སོ།།

ཡིན་ན་ཡང་ཤུབས་ཀྱི་འཇིག་རྟེན་འདི་ནས་མུ་ནས་དྲང་བདེན་དང་དོན་དངོས་ཟེར་བ་ཞིག་གླེང་ཁུལ་བྱེད་དགོས་དུས་ཀྱང་ཡོད།ཅིའི་ཕྱིར་ཞེ་ན་དེ་ཡང་མཐར་གཏུགས་ན་ཤུབས་ཀྱི་འཇིག་རྟེན་ཞིག་གི་ངོ་བོ་དང་འབྲེལ་བ་དམ་ཟབ་ཡོད་པ་རེད།ཤུབས་སུ་འཚང་བའི་འཇིག་རྟེན་འདི་རུ་ང་དང་བློ་ཐག་ཉེ་བའི་བུ་མོ་རྣམ་ཆེན་མཚོ།ལྷག་པར་དུ་སྙན་ངག་གི་ལམ་ཁ་རུ་ང་དང་སེམས་ཐག་ཤིན་ཏུ་ཉེ་བའི་བུ་མོ་རྣམ་ཆེན་མཚོ།ཁྱོད་ནི་སྙན་ངག་པ་སྤྱི་མཚན་པ་ཞིག་གི་སྙན་ངག་ཏུ་གཅིག་གྱུར་ཏུ་མངོན་པའི་མིག་ཟུང་སྐར་ཆེན་དང་ངོ་གདོང་ཟླ་བ་ལྟ་བུ་ཡོད་པ་ཞིག་མ་རེད།ངས་བསམས་ན་ཁྱོད་ཀྱི་མིག་ཟུང་ཁྱོད་ཀྱི་མིག་ཟུང་དང་འདྲ་ཞིང་ཁྱོད་ཀྱི་ངོ་གདོང་ཡང་ཁྱོད་ཀྱི་ངོ་གདོང་དང་ཅི་འདྲའི་མཚུངས་ཨང་།

རྣམ་ཆེན་མཚོ་སླར་ཡང་ལྷུག་ལྷུག་ཏུ་དགོད་བཞིན་ཁྱོད་ཀྱི་སྐད་ཆ་ཁྱོད་ཀྱི་སྐད་ཆ་དང་འདྲ་ཞིང་།ཁྱོད་ཀྱི་སྐད་གདངས་ཀྱང་ཁྱོད་ཀྱི་སྐད་གདངས་དང་ཅི་འདྲའི་མཚུངས་ཨང་ཟེར།ཧུ་ཧུ།རྣམ་ཆེན་མཚོ་ནི་ང་དང་བློ་ཐག་ཉེ་བའི་བུ་མོ་ཞིག་ཡིན་པས་མི་ཚད་ང་དང་འཕལ་ཁ་འཕྲོད་པའི་མཛེས་མ་ཞིག་ཀྱང་ཡིན་པ་འདྲ།ངས་དེ་ལྟར་སྙམ་པའི་མོད་ལ་ངེད་གཉིས་འཛོམས་སའི་རྩྭ་ཐང་གི་མཁའ་དབྱིངས་ནས་ཁྲུང་ཁྲུང་ཁྱུ་ཞིག་ལྷོ་རུ་འཕུར་དང་འཕུར་བཞིན་པ་མཐོང་ཞིང་།དེ་དང་ལྷན་དུ་ཡིད་རྟོན་མེད་པའི་རྣམ་རྟོག་གི་སེམས་བྱུང་ཞིག་ལན་པ་མིན་ན་ང་རང་ལས་དབང་དང་བརྩེ་དུང་ལ་ལས་དབང་ཞིག་ཅིས་ཀྱང་དགོས་འདུག་སྙམ་པའི་འཁྲུལ་སྣང་སྐྱེས་ཤིང་།ང་ཡི་རྒྱུན་ལྡན་མིན་པའི་སེམས་ཚོར་དེ་མིའི་ལུས་ཁམས་ཀྱི་ཆ་འཕྲིན་གང་ཞིག་བརྒྱུད་ནས་ཕར་ང་ཡི་རྒྱུན་ལྡན་མིན་པའི་ངོ་གདོང་གི་རྣམ་འགྱུར་དུ་གསལ་བ་ང་ཡི་ཁ་གཏད་དུ་ལངས་པའི་རྣམ་ཆེན་མཚོའི་རྣམ་འགྱུར་ལས་མཐོང་ཐུབ་སོང་།རྣམ་ཆེན་མཚོས་ང་ཡི་གདོང་ལ་འཁྱུག་མར་ལྟ་ཙམ་བྱས་ཤིང་དེ་མ་ཐག་ཏུ་ང་ཡི་ངོ་གདོང་ནས་ཅི་ཞིག་མཐོང་སོང་བ་ལྟ་བུའི་རྣམ་འགྱུར་ཞིག་མངོན་བཞིན་འདི་ལྟ་བུའི་སྐད་ཆ་ཞིག་བཤད་སོང་།

བྱ་ཀན་ཚོ་བྱང་ནས་ལྷོ་འཕུར་རེད།།

མི་ང་ཚོ་མི་ཡུལ་མགྲོན་པོ་རེད།།

བྱ་ཀན་ཚོའི་འཕུར་ལམ་ཡངས་རྒྱུ་ན།།

མི་ང་ཚོའི་སེམས་ཐག་ཉེ་རྒྱུ་ན།།

བྱ་ཀན་ཚོའི་བྱ་ལམ་ཆད་མེད་ཡིན།།

མི་ང་ཚོའི་སྙིང་གཏམ་ལྷད་མེད་ཡིན།།

རྣམ་ཆེན་མཚོ་ཡི་ལ་གཞས་ཤིག་དང་མཚུངས་པའི་སྐད་ཆ་འདིའི་ཕག་ཏུ་ཅི་ཞིག་སྦས་སྐུངས་བྱས་ཡོད་དམ།མི་ནི་སྦས་པའི་ཚུལ་གྱིས་ཅི་ཞིག་མངོན་པར་དགའ་བའི་འགྲོ་བ་ཞིག་ཀྱང་ཡིན་པས་ན།རྣམ་ཆེན་མཚོས་ཀྱང་སྦས་པའི་ཚུལ་དུ་ཅི་ཞིག་མངོན་ཡོད་དམ།ཧ་ཧ་ཧ།དྲང་མོར་བཤད་ན་ང་རང་གིས་སྦས་པའི་ཚུལ་གྱིས་ཅི་ཞིག་མི་ཤེས་ཁུལ་བྱེད་ཀྱིན་ཡོད་པ་མ་གཏོགས།རྣམ་ཆེན་མཚོའི་སྐད་ཆ་དེའི་ནང་དོན་དེ་འདྲའི་གོ་དཀའ་བ་ཞིག་ག་ལ་ཡིན།ང་རང་དངོས་གནས་ཤུབས་སུ་འཛུལ་རྒྱུར་དགའ་བའི་རང་ཉིད་ཀྱི་གཤིས་ཀ་འདི་ལ་ཞེ་མེར་ཞིང་ཤུབས་སུ་འཛུལ་རྒྱུར་གོམས་པའི་མི་གཤིས་ཀྱི་ཟབ་ས་དེ་ལ་སྐྱུག་མེར་བ་ཞིག་རེད།

ངས་དེ་ལྟར་རང་ཉིད་ཐེ་བའི་ང་ཚོ་མིའི་རིགས་ཀྱི་ཐུན་མོང་གི་གཤིས་ཀ་ཞིག་ལ་ཐེར་འདོན་ཙམ་བྱེད་ཁུལ་བྱས་རྗེས།རང་ཉིད་ཅིས་ཀྱང་གཤིས་ཀ་དེ་ལས་ལོགས་སུ་གྱེས་དགོས་སྙམ་པའི་སེམས་འགྱུ་ཞིག་དང་བསྡོངས་ཏེ་རང་སེམས་ལ་གསར་བསྒྱུར་ཐེངས་ཤིག་བྱེད་ཨེ་ཐུབ་བལྟས་ཤིང་།སྙིང་སྟོབས་ཆེན་པོའི་སྒོ་ནས་རྣམ་ཆེན་མཚོ་ལ་ཧ་ཅང་གཟབ་ནན་དང་བཅས་ཏེ་འདི་འདྲའི་སྙིང་གཏམ་ཐུང་ངུ་ཞིག་མི་བརྡོལ་རང་བརྡོལ་བྱུང་སོང་།

འུ་གཉིས་ཀྱི་བརྩེ་དུང་བྱ་ཞིག་ལ་བསྡུར་ཐབས་མེད།འུ་གཉིས་ཀྱི་འབྲེལ་བ་ལམ་ཞིག་ལ་གཤིབ་ཐབས་མེད།ལྷག་པར་དུ་སྒོར་མོ་མ་གཏོགས་བསམ་རྒྱུ་དྲན་རྒྱུ་མེད་པའི་སྤྱི་ཚོགས་གང་ཞིག་ཏུ།སྙན་ངག་ཟེར་བའི་བསླུ་བྲིད་ཀྱི་ལག་ཆ་ཞིག་ཁྱེར་ཡོང་ནས་རང་མགོ་རང་གིས་གཡོགས་ཐུབ་མཁན་ནི་མི་ཉུང་ཤས་ཤིག་ལས་མེད་ལ།སྙན་ངག་གླེང་ཁུལ་གྱིས་བརྩེ་དུང་གི་མདུད་པ་སྲ་མོ་མདུད་ཐུབ་མཁན་དེ་ལས་ཀྱང་ཉུང་བས་ན།འུ་གཉིས་ནམ་ཡང་ཆེས་ལྷིང་ཞིང་འཇགས་པའི་གནས་ཡུལ་རེ་ནས་འཛོམས་ཏེ་རྒྱང་རིང་གི་བྱ་ཁྱུ་ཀན་ཚོ་བཞིན་རང་དབང་རང་མོས་ངང་ཕན་ཚུན་གྱི་ནང་སེམས་ལ་ཟབ་མྱུལ་བྱས་ན་ག་འདྲ་རེད།

ངས་དེ་ལྟར་གཟབ་ནན་དང་བཅས་ཏེ་བཤད་པ་ན།ནམ་རྒྱུན་དགོད་རྒྱུ་དགའ་བའི་རྣམ་ཆེན་མཚོ་ཡི་ངོ་གདོང་གི་འཛུམ་རིས་དེ་དག་ཀྱང་རིམ་གྱིས་ཡལ་ཞིང་།གདོང་ལ་ཧ་ཅང་ནས་ཀྱང་གཟབ་ནན་གྱི་རྣམ་འགྱུར་ཞིག་མངོན་བཞིན་བཤད་རྒྱུར།གཅིག་བྱས་ན་འུ་གཉིས་ལྟ་བུའི་སྙན་ངག་ལ་དགའ་བའི་མི་དེ་ཚོ་སྤྱི་ཚོགས་ཀྱི་གོམ་འགྲོས་གསར་པ་ཞིག་གི་རྗེས་མ་ཆོད་པ་ཡིན་ཡང་སྲིད།གང་ལྟར་སྙན་ངག་གི་ལམ་ནས་རང་སེམས་ཀྱི་ཚོར་བ་ངོ་མ་རྗེན་རྗེན་དུ་བྱོ་བར་མཐོང་ཆེན་མ་བྱས་ཀྱང་མི་སྐྱོན་མོད།ད་དུང་སྙན་ངག་ལ་འཇུག་མཁན་ཚོར་མཐོང་ཆུང་དང་སྙིང་འཕྱས་གཏོང་བ་ནི་དངོས་གནས་དང་ལེན་དཀའ་བ་ཞིག་རེད།སྙན་ངག་ལ་མི་དགའ་བའི་མི་དག་གིས་བྱ་ཁྱུ་ཞིག་འཕུར་བཞིན་པ་ལ་བཤད་རྒྱུ་ཅི་འདུག་སྙམ་ཡང་།སྙན་ངག་པ་ཚོའི་སེམས་ནང་དུ་བྱ་ཁྱུ་ཞིག་གི་འཕུར་རྒྱུན་ལ་ཡང་ཤིན་ཏུ་ནས་ཀྱང་རྩིས་ཐང་ཆེ་སྟེ།སྙན་ངག་པས་ལན་རེར་བྱ་ཁྱུའི་འཕུར་ཤུལ་ནས་རང་སེམས་ཀྱི་ངལ་གསོ་ས་དེ་རྙེད་སྲིད་ན་ཐང་ཞེས་གཉོམ་དུང་དུང་དུ་བཤད་པའི་བཤད་སྟངས་དེ་དངོས་གནས་སེམས་སུ་བབས་ཡོང་བ་ཞིག་རེད།

ཁ་ཡི་དཔའ་བོ་མ་རབས་དང་།།

ཐོ་ཅོ་ཅན་དང་སྤྱི་བརྟོལ་ཅན།།

ཀུན་ཉོན་གྱིས་ནི་འཚོ་བ་སྟེ།།

ངོ་ཚ་མེད་ལ་འཚོ་བ་སླ།།

རྟག་ཏུ་གཙང་མ་འཚོལ་བ་དང་།།

སྐྱོན་མེད་ཁ་གསག་མེད་པ་དང་།།

དག་པའི་འཚོ་བ་ལ་ལྟོས་པའི།།

ངོ་ཚ་ཅན་རྣམས་དཀའ་བར་འཚོ།།

མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱི་སྙན་ཚིག་འདིས་རྣམ་ཆེན་མཚོའི་སྐབས་ཐོག་འདིའི་སེམས་ཁམས་མཚོན་ཐུབ་པར་མ་ཟད།ང་ཡི་ནང་སེམས་ལ་ཡང་ལག་སྙོབ་བྱེད་པ་ལྟར་ཚོར་བ་མཐའ་ཟབ་གཏིང་ཟབ་ཅིག་བསྩལ་སོང་།དགེ་འདུན་ཆོས་འཕེལ་ནི་མཁས་པ་ཞིག་ཡིན་པས་མི་ཚད་སྙན་ངག་པ་རྣལ་མ་ཞིག་ཀྱང་ཅིས་ཀྱང་རེད།ངོ་ཚ་མེད་མཁན་ཚོས་འཚོ་བ་སླ་བར་རོལ་ཐུབ་ཅིང་ངོ་ཚ་ཅན་ཚོས་འཚོ་བ་དཀའ་བར་འཚོ་བཞིན་པ་འདྲ།འོ་ན་རྣམ་ཆེན་མཚོ་དང་ངེད་གཉིས་ཀྱང་འཚོ་ཚིས་ཀྱི་གནད་དོན་ཐག་གཅོད་དགོས་པའི་གང་ཟག་ཕལ་བའི་ནང་གི་ཕལ་བ་གཉིས་ཡིན་སྟབས།འཚོ་བ་སླ་མོ་ཞིག་རོལ་ཕྱིར་ངོ་ཚ་དོར་ནས་སྙན་ངག་ཀྱང་དོར་ནས་སོང་ན་ཅིས་མི་ཆོག་སྙམ་པའི་མོད་ལ།ངས་ངོ་ཚ་མེད་པའི་འཆར་གཞི་འདི་དེ་མ་ཐག་རྣམ་ཆེན་མཚོ་ལ་བཤད་ནས་མོ་འཐད་མིན་ལ་བལྟས་པ་ཡིན།

ཡིད་ལ་ཡང་མ་དྲན་པ་ཞིག་ལ།ངོ་ཚ་མེད་པའི་འཆར་གཞི་འདི་ལ་རྣམ་ཆེན་མཚོས་ཁ་གཉེར་སྣ་གཉེར་བྱས་པས་མི་ཆོག་པར།སྤྲང་ནས་འགྲོ་དགོས་ཐུག་ཀྱང་ཐ་ན་ཚེ་སྲོག་འཆོར་དགོས་ཐུག་ཀྱང་ངོ་ཚ་མི་དོར་པས་མི་ཚད་སྙན་ངག་དེ་བས་ཀྱང་འདོར་རྒྱུ་མིན་ཞེས་གཟབ་ནན་གྱི་ཚིག་ལ་གཟབ་ནན་གྱི་རྣམ་འགྱུར་གྱིས་རྒྱས་བཏབ་སོང་།མོའི་རང་ཚུགས་ཐུབ་པའི་རང་གཤིས་འདི་ལ་ང་རང་ཞེ་གཏིང་ནས་དགའ་མགུ་ཡི་རངས་ཐེབས་ཤིང་།ད་ཅི་བཤད་པའི་འཆར་གཞི་དེ་ནི་ངས་ཁྱོད་ལ་ཉམས་ཚོད་ལེན་སྟངས་ཤིག་ཡིན་པ་ལས་ང་ཡི་བསམ་ཚུལ་དངོས་མ་ཞིག་མིན་ཡང་མིན།རྣམ་ཆེན་མཚོ།ཁྱོད་ཀྱི་ད་སོ་མའི་སྐད་ཆ་དང་རྣམ་འགྱུར་ལ་ང་རང་ལྷག་ཏུ་ནས་ཀྱང་དགའ་སོང་ཞེས་བཤད་པ་ན།རྣམ་ཆེན་མཚོའི་གདོང་ལ་སླར་ཡང་འཛུམ་མདངས་ཤིག་མངོན་བཞིན་ཁྱོད་ཀྱིས་ང་ལ་གཞན་ད་དུང་ཉམས་ཅི་ཞིག་ལེན་རྩིས་ཡོད་ཅེས་ལྷུག་ལྷུག་ཏུ་དགོད་ཙམ་བྱས་སོང་།

ཉམས་ཚོད།ད་ནི་དངོས་གནས་ཀུ་རེ་མ་ཡིན་པའི་ཉམས་ཚོད་ཅིག་ལེན་རན་ལ་འཁེལ་འདུག་པ་འདྲ་བས།ངས་ཀྱང་བཤད་ཐུབ་ལ་ཁད་དང་མི་ཐུབ་ལ་ཁད་ཀྱི་ཉམས་ཤིག་བསམ་བཞིན་དུ་ངོའི་སྐྱི་པགས་སུ་གློག་བརྙན་ལྟར་མངོན་དུ་འཇུག་བཞིན།རྣམ་ཆེན་མཚོ།ང་ནི་ཅི་ཡང་མེད་པའི་མི་ཞིག་མིན་ཡང་།ཅི་ཡང་ཡོད་པའི་མི་དེ་ཚོ་དང་བསྡུར་ན་ཅི་ཡང་མེད་ཟེར་ཆོག་པ་འདྲ་བས།གལ་ཏེ་གནམ་སྔོན་པོ་འདི་མགོ་སྦྲ་ཡིན་ཁུལ་བྱས་ནས་ས་དོག་མོ་འདི་ནང་ཁྱིམ་ཞིག་ཡིན་ཁུལ་བྱས་ན།ཁྱོད་རང་ངའི་གམ་དུ་ཡོང་ནས་ཁྱིམ་ཚང་འདིའི་བདག་མོ་བྱ་ཆོག་གམ།གསལ་པོར་བཤད་ན།ཁྱོད་རང་ངའི་ཚེ་གང་གི་སྐྱ་ཡ་བྱས་ན་ཆོག་གམ་ཞེས་བཤད་མ་ཐག་ཏུ།རྣམ་ཆེན་མཚོའི་ངོ་གདོང་དུ་བལྟས་བལྟས་རིག་རིག་ཏུ་དམར་མདངས་རྒྱས་པའི་ཤ་མདོག་གསར་པ་ཞིག་མངོན་ཞིང་།མིག་ཟུང་གཉིས་རྒྱང་རིང་རྒྱང་རིང་གི་རི་རྩེ་ཀན་ན་གསལ་ལ་མི་གསལ་ལ་ངང་ནག་ཐིག་ཐིག་ཏུ་འཕུར་བཞིན་པའི་བྱ་ཁྲུང་ཁྲུང་དཀར་མོའི་ཁྱུ་དེ་ལ་ཧད་ཙམ་བྱས།

ང་རང་ཅུང་འཚུབ་ཆ་ལངས་ཤིང་མ་གཞི་ཁོ་མོའི་སེམས་སུ་ང་ནི་ཆེས་སྤྱིར་བཏང་གི་དགའ་ཕྱོགས་གཅིག་པའི་གྲོགས་པོ་ཞིག་གི་གོ་ས་ཙམ་ལས།མོའི་ཚེ་སྲོག་དང་ལང་ཚོ།མོའི་རེ་བ་དང་གྲིབ་མ།ད་དུང་མོའི་གཉེན་སྒྲིག་དང་ཤ་ཁྲག་བཅས་ང་དང་འབྲེལ་བ་འབྱུང་ན་མ་བསམ་པ་ཨེ་རེད།འོ་ན་ངའི་ཁ་འདི།འོ་ན་ངའི་འཁྲུལ་སྣང་འདི།ད་དུང་འོ་ན་ངའི་ཧོལ་རྒྱུགས་འདི་ལན་སོང་བ་ལ་སྙམ་ཞིང་།ཡང་ཡིན་རྒྱུ་མ་རེད།ཡང་ཡིན་སྲིད་རྒྱུ་མ་རེད།ཡང་མོ་ཡང་ང་ལ་གཏན་ནས་མི་དགའ་བ་དེ་འདྲ་ཞིག་ཡིན་རྒྱུ་མ་རེད་སྙམ་ནས་ཡར་དྲན་མར་དྲན།འདུག་བཟོད་དཀའ་བ་ལྟ་བུའི་ཚོད་དུ་བྲེལ་བྲེལ་འཚུབ་འཚུབ་ཏུ་འདུག་སྐབས་མོས་ཀྱང་ཁ་གྲག་སོང་ལ་ལན་བཏབ་སོང་།མོས་དེ་ལྟར་བཤད་པའམ་དེ་འདྲའི་ལན་ཞིག་བཏབ་ཡོང་བ་ང་ཡི་སྣང་ངོར་ཐེངས་གཅིག་ལ་ཡང་ཤར་མ་མྱོང་།མ་གཞི་དེ་འདྲ་བ་ལ།མ་གཞི་དངོས་གནས་དེ་འདྲ་བ་ལ།ཧ་ཧ་ཧ།

རྣམ་ཆེན་མཚོས་བཏབ་པའི་ལན་ནི་འདི་ལྟ་སྟེ།དྲང་མོར་བཤད་ན་ང་རང་སྙན་ངག་ལ་དགའ་དོན་ནི་སྙན་ངག་ནི་ལས་ཆེན་ཞིག་ཡིན་པས་མ་ཡིན་པར་ཁྱོད་ལྟ་བུའི་སྙན་ངག་ལ་དགའ་མཁན་ཞིག་ཡོད་པས་ཀྱང་རེད།ཁྱོད་སྙན་ངག་ལ་དགའ་ན་ང་ཡང་སྙན་ངག་ལ་དུངས་ཡོང་བ་ཞིག་རེད།འོ་ན་ང་རང་དོན་དམ་དུ་སྙན་ངག་ལ་དགའ་བ་ཡིན་ནམ་ཁྱོད་ལ་དགའ་བ་ཡིན་ནམ།དྲི་བ་འདི་ལ་ཁྱོད་ཀྱིས་ལན་འདེབས་མི་དགོས།རྒྱུ་མཚན་དྲི་བ་འདིའི་ཡོང་རྐྱེན་ནི་ཧ་ལམ་སེམས་བྱུང་ལྔ་བཅུ་རྩ་གཅིག་ཟེར་བ་དེ་དང་འབྲེལ་བའི་རྙོག་འཛིང་ཅན་གྱི་ཡོང་ཁུངས་ཤིག་ཡིན་སྟབས།ཐ་ན་ང་རང་གི་སེམས་ཁམས་ང་རང་རང་གིས་ཀྱང་གསལ་པོར་རྟོགས་ཐབས་མེད་པ་འདྲ།ཅིས་ཀྱང་ཁྱོད་ལ་གསལ་བཤད་བྱེད་དགོས་པ་ཞིག་ལ།ངའི་སེམས་སུ་ཁྱོད་ནི་ཅི་ཡང་ཡོད་སྣང་འཆར་བའི་མི་དེ་ཚོ་དང་བསྡུར་ཐབས་མེད།ངའི་སེམས་སུ་ཁྱོད་ལ་ཅི་ཡང་མེད་ཀྱང་ཆོག་མོད་ཀྱང་ཁྱོད་མེད་ན་མི་ཆོག་སྟེ།ཁྱོད་མེད་ན་ང་ལ་སྙན་ངག་ཀྱང་དགོས་དོན་མེད་པས་ཡིན་ཟེར།

གླེན་མ་འདི་ཡ།མ་གཞི་དེ་འདྲ་བ་ཞིག་ཡིན་པ་ལ།མི་ཞིག་རྐྱེན་བྱས་ཏེ་བྱ་དངོས་ཤིག་ལ་དགའ་བར་གྱུར་པ་དེས་ཡང་སྙིང་ཅི་ཞིག་མཚོན་ནམ།སྤྱི་ཚོགས་ཀྱིས་རྒྱང་སྤྱུགས་བཏང་བ་འདྲ་བའི་མི་གཉིས་ཀྱི་མགོ་བོ་ཕན་ཚུན་ལ་བསྙེས་ཏེ་རྒྱང་རིང་རྒྱང་རིང་གི་རི་རྩེ་ཞིག་ཏུ་ནག་ཐིག་ཐིག་ཏུ་འཕུར་བཞིན་པའི་བྱ་ཁྲུང་ཁྲུང་དཀར་མོའི་ཁྱུ་ཞིག་ལ་ཅེར་བའི་སྣང་བརྙན་དེ་ཕར་རི་མོ་རུ་བྲིས་ན་རི་མོའི་བརྩམས་ཆོས་ག་འདྲ་ཞིག་འཁྱོངས་སམ།ད་དུང་དགའ་སྐྱོ་འདྲེས་མའི་མིག་ཆུ་རྡོག་རེ་ངོ་གདོང་དུ་ཆུ་ཡི་ཆར་ཐིགས་རེ་རེ་བཞིན་འདྲིལ་བའི་རྣམ་ཆེན་མཚོ་ཡི་རྣམ་འགྱུར་དེ་ཕར་སྙན་ངག་གི་བརྗོད་བྱ་ཞིག་ཏུ་བྲི་དགོས་བྱུང་ན་ཁྱོད་ཀྱིས་ཇི་ལྟ་བུའི་སྙན་ངག་ཅིག་འབྲི་ཐུབ་བམ།ང་ཡི་རྣམ་འགྱུར་དང་ཚུགས་ཀ་ཁྱོད་ལ་མི་བརྗོད་པར་ཞུ།གང་ལྟར་དུས་དེ་རིང་ནས་བཟུང་ངས་རྣམ་ཆེན་མཚོ་དང་སྙན་ངག་གཉིས་ལ་ཆེས་སྙིང་དུ་སྡུག་པའི་མེ་ཏོག་རེ་རེ་བཞིན་གཅེས་སྤྲས་བྱས་ན་འདོད་པས།མ་འོངས་པར་ང་ནི་མེ་ཏོག་གསོ་བའི་ཆེད་ལས་མི་སྣ་ཞིག་ཏུ་ཡང་འགྱུར་ཡོད་སྲིད།དེ་དུས་ཁྱོད་ཀྱིས་ང་ལ་རྣམ་ཆེན་མཚོ་ཡི་བརྩེ་དུང་དང་སྙན་ངག་གི་བསླུ་བྲིད།ད་དུང་མེ་ཏོག་གི་མཛེས་སྡུག་སྐོར་ནས་དྲི་བ་དྲིས་དང་ཆོག་ལ་ངས་ཁྱེད་ལ་ལན་ཡང་ཡང་དག་པ་ཞིག་གདབ་ཐུབ་ན་ཐང་ངོ་།།

༼ གཟུངས་བྷ། ༽