国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ད་ལོར་དབྱར་དུས་དཀར་མཛེས་ཁུལ་གྱི་ཡུལ་སྐོར་འདུ་ལོང་ཧ་ཅང་ཆེ།

གེ་སར་མཁར་རྫོང་།

ཡུལ་སྐོར་བས་ལྕགས་ཟམ་ཁ་གུ་རུ་མཚོ་རུ་པར་ལེན་པ།

ལི་ཐང་འབུམ་ཡག་རྩྭ་ཐང་།

གསེག་རི་སྤྱི་གླིང་།

2025ལོའི་ལོ་སྟོད་ལ་དཀར་མཛེས་ཁུལ་གྱིས་ཡུལ་སྐོར་བ་ཁྲི2000ལས་བརྒལ་བར་སྣེ་ལེན་བྱས་ཡོད། ད་ལོའི་དབྱར་སེང་ནས་བཟུང་ཆ་སྙོམས་དྲོད་ཚད15℃ཡི་དྭངས་བསིལ་ཁོར་ཡུག་ལ་བརྟེན་ནས་དཀར་མཛེས་ཁུལ་གྱི་ཡུལ་སྐོར་ཁྲོམ་ར་འཁྲུག་ཆ་ཤིན་ཏུ་ཆེ་བ་རེད། དཀར་མཛེས་ཁུལ་གྱིས་དམག་མི་དང་ཉེན་རྟོག་པ།སློབ་མ་སོགས་མི་ཚོགས་མང་པོར་དམིགས་ནས་སྒོ་འཛིན་མི་དགོས་པའི་ལྟ་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་ཅིང་། སྲིད་ཇུས་ཁག་གཅིག་ལག་ལེན་བསྟར་བའི་དུས་ཚོད2030ལོ་བར་རྒྱུན་བསྐྱངས་ཡོད།

དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལིའུ་ཧུང་གིས་དཀར་མཛེས་ཁུལ་གྱི་ཡུལ་སྐོར་རྒྱུན་མཐུད་དར་ཁྱབ་ཆེ་བའི་རྒྱུ་རྐྱེན་ནི་རང་བྱུང་མཛེས་ལྗོངས་དང་སྐྱེ་ཁམས་གནམ་གཤིས་ལེགས་པ། རིག་གནས་ཕུན་སུམ་ཚོགས་པ་བཅས་ཡོད་པའི་རྨང་གཞིའི་ཐོག་ད་དུང་ཕྱོགས་ལྔའི་སྒོ་ནས་ཕྱོགས་བསྡོམས་བྱས་པ་སྟེ།

འགྲུལ་བར་གཙོ་གནས་སུ་བཞག་ནས་འགྲིམ་འགྲུལ་ཉེན་མེད་ལ་འགན་ལེན་བྱས་ཡོད།

ཡུལ་སྐོར་ཉེན་མེད་དང་འགྲོ་ལམ་སྟབས་བདེ་པོ་ནི་རྒྱ་ཆེ་བའི་ཡུལ་སྐོར་བས་སེམས་ཁུར་ཆེ་ཤོས་ཀྱི་གནད་དོན་གཙོ་བོ་ཞིག་ཡིན་ལ། དཀར་མཛེས་ཁུལ་གྱིས་ཡུལ་སྐོར་འཕེལ་རྒྱས་ལ་བསྐུལ་བའི་གནད་དོན་གཙོ་བོ་ཞིག་ཀྱང་ཡིན། ད་སྔའི་བར་དཀར་མཛེས་ཁུལ་དུ་གནམ་ཐང་གསུམ་དང་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་སྤྱི་ལེ6011དང་། གྲོང་སྡེ་གཞུང་ལམ་སྤྱི་ལེ27186བཅས་བསྐྲུན་ནས་ཕྱོགས་བཞི་མཚམས་བརྒྱད་དུ་ལངས་གཟུགས་ཅན་གྱི་ཡུལ་སྐོར་འགྲིམ་འགྲུལ་གྱི་བཀོད་བབ་ཆགས་ཡོད། ད་ལོའི་དབྱར་སེང་རིང་ཁུལ་ཡོངས་ཀྱི་རྒྱལ་ལམ318པ་དང317བརྒྱུད་པའི་ལམ་ཐིག་ཧྲིལ་པོར་ས་གཤིས་གནོད་འཚེ་ཚབས་ཆེན་ཐོན་མེད་ཅིང་། དུང་དཀར་ལུང་པ་དང་འདབ་པའི་ཉི་སྟེན། གསེག་རི་སྤྱི་གླིང་། མཚོ་ཕུ། གེ་སར་མཁར་རྫོང་། མི་རྒོད་མཚོ། ལྕགས་ཟམ་ཁ་སོགས་ལྗོངས་ཁུལ་གཙོ་བོ་ཚང་མའི་ཡུལ་སྐོར་འགྲོ་ལམ་ཐོགས་མེད་ཡིན་པ་རེད།

ཡུལ་སྐོར་ཉེན་མེད་ཡོང་ཆེད། ད་ལོར་ཆུ་འབྲུབ་དུས་ནས་བཟུང་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་དང་འགྲིམ་འགྲུལ་སོགས་སྡེ་ཚན་མང་པོ་ཞིག་གིས་མཉམ་འབྲེལ་བྱས་ནས་རུ་ཁག20ཡི་མི258ཡོད་པའི་ཆེད་ལས་འཚུབ་བསྟུན་རུ་ཁག་བཙུགས་ཏེ། ཁུལ་ཡོངས་ཀྱི་གཙོ་གནད་ས་ཁོངས་དང་གནོད་འཚེ་ས་ཚུགས་སུ་ཆུ་ཚོད24རིང་རྒྱུན་ཆད་མེད་པར་ལྟ་ཞིབ་ཚད་ལེན་དང་སྐོར་ཞིབ་བྱས་ཏེ་འགན་སྲུང་ཞབས་ཞུ་ལམ་སྲོལ་མུ་མཐུད་དེ་ཡག་པོ་བསྒྲུབས་པས་ཡུལ་སྐོར་བ་ཚོའི་བསྔགས་བརྗོད་བཟང་པོ་ཐོབ་ཡོད།

ཡིད་རྟོན་བློ་འགེལ་ཆོག་པར་བརྟེན་ནས་འགྲུལ་བར་བརྩེ་བ་ཟབ་མོ་བཅངས།

ཡིད་རྟོན་གྱི་ཁོར་ཡུག་སྐྲུན་པ་ནི་དཀར་མཛེས་ཁུལ་གྱི་ཡུལ་སྐོར་འཕེལ་རྒྱས་ཡོང་བའི་གལ་ཆེན་ནང་གི་འགངས་ཆེན་ཡིན། ཉེ་བའི་ལོ་ཤས་རིང་ལ་ས་ཁུལ་གཞན་འགའ་ཤས་ཀྱི་ལྗོངས་ཁུལ་དང་མགྲོན་ཁང་། བཟའ་བཏུང་ཁང་། རླངས་འཁོར་སྣེ་ཁྲིད་མི་སྣ་སོགས་ཀྱིས་ཡུལ་སྐོར་བ་མགོ་སྐོར་གཏོང་བ་དང་བཙན་ཉོ་བཙན་འཚོང་གི་སྣང་ཚུལ་ངན་པར་བྱུང་བར་དམིགས་ནས་དཀར་མཛེས་ཁུལ་གྱིས2023ལོ་ནས་བཟུང་ཡུལ་སྐོར་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལོ་དང་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོར་འདེགས་ལོ། ཡུལ་སྐོར་ཁྲོམ་ར་སྒྲིག་ལམ་ཆེད་ལས་བཅོས་སྐྱོང་སོགས་ཀྱི་ཁོངས་ཡོངས་རང་བཞིན་གྱི་བྱ་སྤྱོད་གལ་ཆེན་མུ་མཐུད་དེ་སྤེལ་ཏེ། འགྲུལ་བ་ཚོ་དཀར་མཛེས་ཁུལ་དུ་བློ་བདེ་པོའི་ངང་ཡུལ་སྐོར་ཐུབ་པའི་ཁོར་ཡུག་བཟང་པོ་བསྐྲུན་ཡོད།

གཞན་ཡང་དཀར་མཛེས་ཁུལ་རིག་གནས་ཡུལ་སྐོར་ཁོངས་གཏོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཡུལ་སྐོར་བ་རང་གི་གཉེན་ཉེ་དང་རང་གི་གྲོགས་པོ། རང་གི་ཁྱིམ་མི་ལ་བརྩིས་ནས་མགོ་སྐོར་དང་རྫུན་མི་བྱེད་པའི་ཁོར་ཡུག་བསྐྲུན་ཏེ་ཡུལ་སྐོར་ཡང་ཡང་འོང་འདོད་པར་རྨང་གཞི་བཟང་པོ་བཞག་པ་རེད།

ཡུལ་སྐོར་ཁོར་ཡུག་བསིལ་ཞིང་མཛེས་པའི་ཚ་གཡོལ་གནས་མཆོག་བསྐྲུན།

དཀར་མཛེས་ཁུལ་གྱིས་གནམ་སྔོན་པོ་དང་སྤྲིན་དཀར་པོ་དང་གངས་རི་འཁྱགས་ཀླུང་། རྩྭ་ཐང་དང་མེ་ཏོག་སྣ་བརྒྱ་ལ་ལྟ་བའི་དབྱར་དུས་ཀྱི་ཡུལ་སྐོར་དུས་ཚིགས་ཡག་ཤོས་ཤར་བ་དང་བསྟུན་ནས་ཚ་གཡོལ་གྱི་ཡུལ་སྐོར་མྱོང་རོལ་བྱ་ཡུལ་བཟང་པོར་ལ་མཁོ་བའི་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྐྲུན་ཡོད།

ད་སྔའི་བར་མགྲོན་ཁང2170ལ་ཉལ་ཁྲི107454ཡོད་ཅིང་། གནས་ཚང2993ལ་ཉལ་ཁྲི48486ཡོད། དེའི་ནང་རྒྱལ་ཁབ་ཀྱི་རིམ་པ་ཀ་པའི་ཡུལ་སྐོར་གནས་ཚང1དང་རིམ་པ་ག་པའི་གནས་ཚང1ཡོད། སི་ཁྲོན་ཡུལ་སྐོར་གནས་ཚང2ཡོད། གནས་མཆོག་དཀར་མཛེས་རིམ་པའི་གནས་ཚང66ཡོད་ལ། ཁུལ་ཡོངས་ཀྱི་ཚད་གཞི་མཐོ་བའི་སྤུས་ལེགས་གནས་ཚང320ལྷག་ཡོད་པ་དང་། ཞིང་རའི་ཤིང་ཏོག་དྲི་ཞིམ་འཐུལ་བ་དང་ཆུ་ཚན་ཁམས་གསོ། གཟུགས་མེད་རིག་གནས་ཤུལ་བཞག་བཤམ་འཁྲབ། མི་རིགས་ཡུལ་སྲོལ་གོམས་གཤིས་སོགས་གཙོ་དོན་ཞབས་ཞུ་མཁོ་འདོན་ཐུབ་པའི་གནས་ཚང800ལྷག་ཡོད་པས་ཡུལ་སྐོར་བའི་ཞག་སྡོད་མྱོང་རོལ་སྣ་མང་གི་དགོས་མཁོ་བསྐངས་ཐུབ།

རིག་གནས་དང་ཡུལ་སྐོར་ཟུང་དུ་སྦྲེལ་ནས་མི་རིགས་ཀྱི་ཁྱད་སྲོལ་ངོམ།

ད་ལོའི་སྤྱི་ཟླ7པ་ནས11པའི་བར་སི་ཁྲོན་དཀར་མཛེས་ཁུལ་རི་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་དང་གངས་དཀར་སྒྱུ་རྩལ་དུས་ཆེན། དར་མདོ་མཛའ་གཞས་རྒྱལ་སྤྱིའི་རོལ་དབྱངས་དུས་ཆེན། ལི་ཐང་རྟ་རྒྱུག་དུས་ཆེན། གསེར་རྟ་རིག་གནས་དུས་ཆེན་སོགས་ཁུལ་ཡོངས་ཀྱི་དུས་ཆེན་བྱེད་སྒོ་རབ་དང་རིམ་པ་མུ་མཐུད་དེ་སྤེལ་རྒྱུ་ཡིན་པ་དང་། ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རའི་བྱེད་སྒོ་མང་པོ་ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར18དང་ལྗོངས་ཁུལ་གཙོ་བོ་ཚང་མར་ཁེབས་ཡོད་ཅིང་། དུས་ཚོད་བཀོད་སྒྲིག་ཐད་གཟའ་འཁོར་རེར་བྱེད་སྒོ་ཆུང་འབྲིང་དང་ཟླ་རེར་བྱེད་སྒོ་ཆེ་གྲས་རེ་ཡོད་པ་དང་ཆབས་ཅིག། གྲོང་ཁྱེར་དང་རྫོང་ཁག་གིས་ད་དུང་གཟུགས་མེད་རིག་གནས་ཤུལ་བཞག་གི་ལག་ཤེས་མྱོང་རོལ་དང་བོད་གྲོང་དུ་འཚོ་བ་འཚོལ་བ། མཐོ་སྒང་གི་སྐར་ཚོགས་ལ་ལྟ་ཞིབ་སོགས་དངོས་སླེབས་ཡི་རང་ཅན་གྱི་མྱོང་རོལ་ཅན་རྣམ་གྲངས་གྲ་སྒྲིག་ཚགས་ཚུད་བྱས་ཡོད་པ་རེད།

ཡུལ་སྐོར་ལྟ་སྐྱོང་སྲིད་ཇུས་ཁྱོན་ཡོངས་ནས་ལག་ལེན་བསྟར།

ད་ལོར་དཀར་མཛེས་ཁུལ་གྱིས་དམིགས་བསལ་གྱི་མི་ཚོགས་ལ་དམིགས་ནས་སྒོ་འཛིན་མི་དགོས་པའི་ལྟ་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་ཡོད། དེའི་ནང2025ལོའི་ཟླ་བ8པའི་ཚེས1ཉིན་ནས2027ལོའི་ཟླ་བ7པའི་ཚེས31ཉིན་བར་རྒྱལ་ཡོངས་ཀྱི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་སྔོན་གཤེགས་དཔའ་བོའི་ཁྱིམ་མིའི་དཔང་ཡིག་ཡོད་མཁན་ལ་སྒོ་འཛིན་མི་དགོས་པ་དང་། 2026ལོའི་ཟླ་བ12པའི་ཚེས31ཉིན་གྱི་སྔོན་ལ་ཁུལ་ཡོངས་ཀྱིAརིམ་པའི་ལྗོངས་ཁུལ་གྱིས་རང་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་དང་ཅིན་ཧྭ།ཐའེ་ཀྲོའུ་གྲོང་ཁྱེར་བཅས་ཀྱི་ཐེམ་ཐོ་ཡོད་མཁན་གྱི་ཡུལ་སྐོར་བར་སྒོ་འཛིན་མི་དགོས་པའི་ལྟ་སྐྱོང་སྲིད་ཇུས་ལག་ལེན་བསྟར་རྒྱུ། 2025ལོའི་ཟླ་བ10པའི་ཟླ་མཇུག་གི་སྔོན་ལ་དུང་དཀར་ལུང་པ་དང་ཉི་སྟེན། འོད་སྐྱིད་མཚོ། ལྕགས་ཟམ་ཁ། མི་ཉག་གནས་མཆོག། མཚོ་ཕུ། ཡིད་ལྷུང་ལྷ་མཚོ། མཚལ་རི། མི་རྒོད་མཚོ། བརྒྱ་རྒྱུད་བོད་གྲོང་། ལི་ཐང་གནའ་གྲོང་། དུད་སྟོང་བོད་སྡེ་ལྗོངས་ཁུལ། བཞག་བྲ་སོགས་ལྗོངས་ཁུལ12ཀྱིས་ཐའེ་ཝན་ཞིང་ཆེན་ནས་དཀར་མཛེས་ཁུལ་དུ་ཡུལ་སྐོར་ཐོག་མར་ཡོང་མཁན་ལ་སྒོ་འཛིན་མི་དགོས་པའི་ལྟ་སྐྱོང་སྲིད་ཇུས་ལག་ལེན་བསྟར་རྒྱུ། 2030ལོའི་ཟླ་བ12པའི་ཚེས31ཉིན་གྱི་སྔོན་ལ་རྒྱལ་ཡོངས་ཀྱི་དངོས་ཞབས་དམག་མི་དང་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མི་ཚོས་དཔང་ཡིག་ལ་བརྟེན་ནས་ཁུལ་ཡོངས་ཀྱིAརིམ་པའི་ལྗོངས་ཁུལ་གྱི་སྒོ་འཛིན་མི་དགོས་པའི་ལྟ་སྐྱོང་སྲིད་ཇུས་ལོངས་སུ་སྤྱད་ཆོག་པ་རེད།

2025ལོའི་ཟླ་བ8པའི་ཚེས31ཉིན་གྱི་སྔོན་ལ་རྒྱལ་ཡོངས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ(ཞིབ་འཇུག་སློབ་མ)ཚང་མར་སྒོ་འཛིན་མི་དགོས་པར་དུང་དཀར་ལུང་པའི་ལྗོངས་ཁུལ་དུ་ཡོང་ཆོག། ལོ་ན6ཡན་ནས18བར་སྐྱེ་བོ་ལོ་ན་མ་སོན་པའི་ཡུལ་སྐོར་བ་དང་ཉིན་གང་ལམ་ལུགས་ཀྱི་སློབ་གྲྭ་ཆེན་མོའི་དངོས་གཞིའི་མན་གྱི་བསླབ་གནས་ཡོད་པའི་སློབ་མར་སྒོ་འཛིན་ཕྱེད་ཀ་མ་གཏོགས་སྤྲད་མི་དགོས་པར་འདབ་པའི་ཉི་སྟེན་ལྗོངས་ཁུལ་ལ་འགྲོ་ཆོག། 2025ལོའི་ཟླ་བ8པའི་ཚེས31ཉིན་གྱི་སྔོན་ལ་སློབ་དུས་འདིའི་འབྲིང་རྒྱུགས་དང་མཐོ་རྒྱུགས་ཀྱི་མཐར་ཕྱིན་སློབ་མ་ཚོས་རྒྱུགས་སྤྲོད་ཁྲོལ་ཡིག་ཁུར་ནས་མི་རྒོད་མཚོ་ལྗོངས་ཁུལ་དང་གསེག་རི་སྤྱི་གླིང་ལྗོངས་ཁུལ། ཉག་རོང་མཚལ་རི་ལྗོངས་ཁུལ། ལི་ཐང་གནའ་གྲོང་། དུད་སྟོང་བོད་སྡེ་ལྗོངས་ཁུལ། བརྒྱ་རྒྱུད་བོད་གྲོང་ལྗོངས་ཁུལ། སྡེ་དགེ་པར་ཁང་ལྗོངས་ཁུལ་སོགས་སུ་སྒོ་འཛིན་མི་དགོས་པར་འགྲོ་ཆོག། 2025ལོའི་ཟླ་བ9པའི་ཚེས20ཉིན་གྱི་སྔོན་ལ་སློབ་དུས་འདིའི་འབྲིང་རྒྱུགས་དང་མཐོ་རྒྱུགས་ཀྱི་མཐར་ཕྱིན་སློབ་མ་ཚོས་རྒྱུགས་སྤྲོད་ཁྲོལ་ཡིག་ཁུར་ནས་སྒོ་འཛིན་མི་དགོས་པར་འོད་སྐྱིད་མཚོ་ལྗོངས་ཁུལ་དུ་འགྲོ་ཆོག། 2025ལོའི་ཟླ་བ12པའི་ཚེས31ཉིན་གྱི་སྔོན་ལ་སློབ་དུས་འདིའི་འབྲིང་རྒྱུགས་དང་མཐོ་རྒྱུགས་ཀྱི་མཐར་ཕྱིན་སློབ་མ་ཚོས་རྒྱུགས་སྤྲོད་ཁྲོལ་ཡིག་ཁུར་ནས་སྒོ་འཛིན་མི་དགོས་པར་འབའ་ཐང་མཚོ་ཕུ་ལྗོངས་ཁུལ་དུ་འགྲོ་ཆོག། དངོས་གཞིའི་བསླབ་གནས་སློབ་མའི་ལག་ཁྱེར་ལ་བརྟེན་ནས་ལོ་ཧྲིལ་པོར་སྒོ་འཛིན་ཕྱེད་ཀ་མ་གཏོགས་སྤྲད་མི་དགོས་པར་ཡིད་ལྷུང་ལྷ་མཚོ་ལྗོངས་ཁུལ་དུ་འགྲོ་ཆོག། དངོས་གཞིའི་བསླབ་གནས་མན་ཆད་ཀྱི་སློབ་མས་ལག་ཁྱེར་ཁུར་ནས་ལོ་ཧྲིལ་པོར་སྒོ་འཛིན་མི་དགོས་པར་བཞག་བྲ་ལྗོངས་ཁུལ་དུ་འགྲོ་ཆོག་པ་རེད།། ( བདེ་ཆེན་གྱིས་བསྡུས་ནས་བསྒྱུར།)