国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྡེ་དགེ་རྫོང་གི་ཐོན་རྫས་སྤུས་ལེགས་འགྲེམ་འཚོང་ཁང་ཧྥུ་དབྱང་དུ་གཉེར།

ཧྥུ་དབྱང་གི་ཡུལ་མི་ཚོ་སྡེ་དགེ་འགྲེམ་འཚོང་ཁང་གི་ཐོན་རྫས་སྤུས་ལེགས་ཉོ་སར་སླེབས་པ།

སྤྱི་ཟླ8ཚེས4ཉིན་ལ་སྡེ་དགེ་རྫོང་དང་ཧང་ཀྲོའུ་ཧྥུ་དབྱང་ཆུས་ཀྱིས“སྤེལ་རེས་གསུམ”གྱི་བྱེད་སྒོ་གཉེར་རིང་སྡེ་དགེ་རྫོང་དཔལ་འབྱོར་ཆ་འཕྲིན་དང་ཚོང་དོན་མཉམ་ལས་ཅུས་ཀྱིས་སྣེ་ཁྲིད་ནས་བཙུགས་པའི་སྡེ་དགེ་རྫོང་གི་ཐོན་རྫས་སྤུས་ལེགས་འགྲེམ་འཚོང་ཁང་ཧང་ཀྲོའུ་ཧྥུ་དབྱང་ཆུས་ཐེན་ཧོ་ལམ་དུ་ཚོང་གཉེར་བྱེད་འགོ་བཙུགས་ཡོད། བྱེད་ཐབས་དེ་ནི་ཤར་ནུབ་རྒྱུད་མཉམ་ལས་འཐབ་ཇུས་འོག་སྡེ་དགེ་རྫོང་གི་ཁྱད་ཆོས་ལྡན་པའི་ཐོན་རྫས་འབྲི་ཆུའི་ཟུར་གསུམ་ཁྲོམ་རར་འཚོང་པའི་འགག་རྩ་ཡིན་པ་དང་སྡེ་དགེ་རྫོང་གི་ཐོན་རྫས་སི་ཁྲོན་ནས་ཀྲེ་ཅང་དུ་སྐྱེལ་བའི་འཆར་འགོད་དེ་དངོས་སུ་ལག་ལེན་བསྟར་བ་མཚོན་གྱིན་ཡོད་པ་རེད།

འགྲེམ་འཚོང་ཁང་དེ་སྡེ་དགེའི་རིག་གནས་ཡུལ་སྐོར་གྱི་ཞིང་ལས་ཁྱད་ཆོས་ལྡན་པའི་ཐོན་རྫས་ཀྱི་མདུན་གྲལ་འགྲེམས་སྟོན་བྱེད་ས་ཞིག་ཡིན་པའི་ངོས་ནས་བར་སྟོང་བཀོད་སྒྲིག་ཐད་སྡེ་དགེ་དང་ཧྥུ་དབྱང་གཉིས་ཀྱི་གཞི་རྒྱུ་ཐབས་མཁས་པས་མཉམ་འདྲེས་བྱས་ཡོད་པ་རེད། ཚོང་ཁང་ནང་དུ་སྡེ་དགེ་རྫོང་གི་ཁེ་ལས་དང་མཉམ་ལས་ཁང30ལྷག་གི་ཐོན་རྫས་རིགས40ལྷག་བསྡུ་རུབ་བྱས་ཡོད་པའི་ནང་གཟུགས་མེད་རིག་གནས་ཤུལ་བཞག་གི་ལག་ཤེས་ཐོན་རྫས་དང་། རིག་གནས་གསར་འཆར་ཐོན་རྫས། ཞིང་ལས་ཁྱད་ཆོས་ལྡན་པའི་ཐོན་རྫས་སོགས་རིགས་མང་པོ་ཚུད་ཡོད་པ་རེད། དེའི་ནང་གླ་བ་ཤྭ་མོ་སོགས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་དང་དེ་བཞིན་སྨན་ཤོད་རྫ་བཟོ་སོགས་གཟུགས་མེད་རིག་གནས་ཤུལ་བཞག་བཟོ་རྩལ་ཐོན་རྫས་སོགས་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་པས་ཐུན་མོང་མ་ཡིན་པའི་ས་ཁོངས་རིག་གནས་དང་ཕུན་སུམ་ཚོགས་པའི་ཐོན་རྫས་གང་ལེགས་མངོན་ཡོད་པ་རེད། ད་ཐེངས་འགྲེམ་ཚོང་ཁང་སྒོ་ཕྱེ་བ་ནི་སྡེ་དགེ་རྫོང་དང་ཧྥུ་དབྱང་ཆུས་བར་མཉམ་ལས་གཏིང་ཟབ་བྱ་འགོ་བཙུགས་པ་མཚོན་ཡོད།།

ཕྱོགས་གཉིས་པོས་རྗེས་མཐུད་འགྲེམ་ཚོང་ཚོང་ཁང་ལ་བརྟེན་ནས་འཛད་སྤྱོད་རོགས་སྐྱོར་ཐོན་རྫས་འདེམས་པ་དང་ལས་ཁུངས་དང་ཁེ་ལས་ཀྱི་ཉོ་སྒྲུབ་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་སྡེ་དགེ་ཞིང་ལས་ཀྱི་དམིགས་བསལ་ཐོན་རྫས་སྤུས་ཚད་ཅན་དང་སྤུས་རྟགས་ཅན་གྱི་འཕེལ་རྒྱས་འགྲོ་ལམ་དུ་བསྐྱོད་རྒྱུར་རོགས་རམ་བྱས་ཏེ་སྡེ་དགེ་རྫོང་གི་རང་བརྟེན་འཕེལ་རྒྱས་ནུས་པ་ཆེ་རུ་གཏང་རྒྱུ་ཡིན་པ་རེད།

སྡེ་དགེ་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱིས་ཀྱང་མུ་མཐུད་དེ་ཤུགས་བཏོན་ནས་ཟོག་འགྲེམ་ཁ་གསབ་དང་སྤུས་རྟགས་ཁྱབ་གདལ་སོགས་ཀྱི་ཐད་རྒྱབ་སྐྱོར་ནུས་ལྡན་བྱས་ཏེ་འགྲིམ་འགྲུལ་ཚོད་འཛིན་ལས་བྱུང་བའི་ཐོན་རྫས་ཕྱིར་ཚོང་གི་འགག་གནད་བརྟོལ་ནས་སྡེ་དགེའི་ཁྱད་ཆོས་ཐོན་རྫས་འབྲི་ཆུའི་ཟུར་གསུམ་ཁྲོམ་རར་བརྟན་པོར་འཚོང་བར་སྐུལ་འདེད་བཏང་ནས་ས་གནས་གཉིས་ཀྱི་ལེགས་ཆ་གསབ་རེས་དང་མཉམ་ལས་མཉམ་རྒྱལ་གྱི་རྣམ་པ་བཟང་པོ་མངོན་འགྱུར་བྱ་རྒྱུ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)