国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སློབ་ཡོན་མི་དགོས་པའི་སློབ་ཞུགས་གོང་གི་སློབ་གསོ་རིམ་བཞིན་ཁྱབ་སྤེལ་གཏོང་བའི་སྐོར་གྱི་བསམ་འཆར》བཀྲམ་པ།

( པར་ངོས་དང་པོར་མཐུད།)འགན་བགོས་བཅས་ཀྱི་རྩ་དོན་གྲོན་དངུལ་ལུགས་མཐུན་གྱིས་གཞིར་བཟུང་། སློབ་ཞུགས་གོང་གི་སློབ་གསོའི་བྱིས་གསོའི་སློབ་ཡོན་རིམ་བཞིན་ཆག་ཡང་དང་རྩ་ཆག་གཏོང་བ་དང་། སློབ་གསོའི་མ་གནས་དམའ་རུ་ནུས་ལྡན་གཏོང་བ། གཞི་རྩའི་སྤྱི་པའི་སློབ་གསོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་དགོས།

《བསམ་འཆར》ནང་ཁ་གསལ་བསྟན་དོན། 2025ལོའི་སྟོན་དུས་སློབ་འགོ་ཚུགས་པ་ནས་བཟུང་། གཞུང་བཙུགས་བུ་བཅོལ་ཁང་གི་སློབ་ཞུགས་གོང་གི་ལོ་གཅིག་གི་བྱིས་པའི་བྱིས་གསོའི་སློབ་ཡོན་ཆག་ཡང་དང་རྩ་ཆག་གཏོང་རྒྱུ་ཡིན་ཞིང་། བྱིས་གསོའི་སློབ་ཡོན་མི་དགོས་པའི་ཚད་གཞི་དེ་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་དང་དེའི་སློབ་གསོ་དང་རིན་གོང་གཙོ་གཉེར་སྡེ་ཚན་གྱིས་ཆོག་མཆན་སྤྲད་པའི་གཞུང་བཙུགས་བུ་བཅོལ་ཁང་གི་བྱིས་གསོའི་སློབ་ཡོན་བསྡུ་བའི་ཚད་གཞི(བཟའ་བཅའི་གྲོན་དངུལ་དང་། ཞག་སྡོད་གྲོན་དངུལ། འགྲོ་གྲོན་ཙག་ཙིག་སོགས་ཚུད་མེད)ལྟར་ལག་བསྟར་བྱེད་དགོས། སློབ་གསོ་སྡེ་ཚན་གྱིས་ཆོག་མཆན་སྤྲད་ནས་བཙུགས་པའི་དམངས་བཙུགས་བུ་བཅོལ་ཁང་དུ་འགྲོ་མཁན་སློབ་ལོ་ལོན་པའི་བྱིས་པ་རྣམས་ས་གནས་དེ་གའི་རིགས་གཅིག་མཚུངས་ཀྱི་གཞུང་བཙུགས་བུ་བཅོལ་ཁང་གི་ཆག་ཡང་དང་རྩ་ཆག་ཆུ་ཚད་ལ་གཞིགས་ནས་བྱིས་གསོའི་སློབ་ཡོན་དེ་མཚུངས་ཀྱི་ཆག་ཡང་དང་རྩ་ཆག་གཏོང་དགོས། དམངས་བཙུགས་བུ་བཅོལ་ཁང་གི་བྱིས་གསོའི་སློབ་ཡོན་ཆག་ཡང་དང་རྩ་ཆག་གཏོང་བའི་ཆུ་ཚད་ལས་མཐོ་བའི་ཆ་ཤས་དེ་བུ་བཅོལ་ཁང་གིས་གཏན་འབེབས་ལྟར་བུ་བཅོལ་ཁང་གི་བྱིས་པའི་ཁྱིམ་ཚང་ནས་མུ་མཐུད་བསྡུ་ལེན་བྱས་ཆོག བྱིས་གསོའི་སློབ་ཡོན་རྩ་ཆག་བཏང་བའི་དབང་གིས་བུ་བཅོལ་ཁང་གི་ཡོང་འབབ་ཉུང་དུ་ཕྱིན་པའི་ཆ་ཤས་ནོར་སྲིད་སྡེ་ཚན་གྱིས་བྱིས་གསོའི་སློབ་ཡོན་རྩ་ཆག་བཏང་བའི་བུ་བཅོལ་ཁང་གི་བྱིས་པའི་མི་གྲངས་དང་ས་གནས་དེ་གའི་བྱིས་གསོའི་སློབ་ཡོན་གྱི་སློབ་མ་ཆ་སྙོམས་ཀྱི་གྲོན་བསྡུའི་ཆུ་ཚད་སོགས་ཀྱི་གནས་ཚུལ་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ནས་བུ་བཅོལ་ཁང་ལ་ཁ་གསབ་སྤྲོད་དགོས།

《བསམ་འཆར》ནང་བཏོན་དོན། རྒྱལ་ཁབ་ཀྱིས་གཅིག་གྱུར་ལག་ལེན་བསྟར་བའི་བྱིས་གསོའི་སློབ་ཡོན་མི་དགོས་པའི་སྲིད་ཇུས་ཀྱི་རྨང་གཞིའི་ཐོག་ཞིང་ཆེན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་བྱིས་པ་དང་། དྭ་ཕྲུག དབང་སྐྱོན་བྱིས་པ་སོགས་ཚོགས་སྤྱིའི་རོགས་སྐྱོར་སྲིད་ཇུས་སྔར་བས་སྲ་བརྟན་དང་དོན་འཁྱོལ་བྱས་ནས་ཐ་སྐྱོང་འགན་ལེན་ཡག་པོ་བྱེད་དགོས་པའི་ལྕག་སྐུལ་བྱས་ཡོད། དེ་དང་ཆབས་ཅིག 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་ཞུགས་གོང་གི་སློབ་གསོའི་བཅའ་ཁྲིམས》དོན་འཁྱོལ་ནན་ཏན་བྱས་ཏེ། གཞི་རྩ་འགན་ལེན་དང་ཀུན་ཕན་འགན་ལེན་མཐའ་འཁྱོངས་ཀྱིས་སློབ་ཞུགས་གོང་གི་སློབ་གསོར་མ་དངུལ་གཏོང་བའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས།།

( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)