དཔལ་ཡོན་གྲོང་ཁྱེར་འཛུགས་སྐྱོང་ནི་གྲོང་ཁྱེར་གྱི་རྣམ་པ་ཇེ་ཡག་ཏུ་གཏོང་བྱེད་ཞིག་ཡིན་པར་མ་ཟད། གྲོང་ཁྱེར་གྱི་རིག་གནས་རྨང་གཞི་གཏིང་ཟབ་ཏུ་གཏོང་ཚུལ་ཞིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་། དར་མདོ་གྲོང་ཁྱེར་གྱིས་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་གཉིས་མཉམ་འདྲེས་གཏིང་ཟབ་བྱས་ཏེ། རིག་གནས་ཤུལ་བཞག་སྲུང་སྐྱོང་ཐད་ང་ཚོས་བྱ་སྤྱོད་སྤེལ་བཞིན་ཡོད་ཅེས་པའི་བརྗོད་དོན་གཙོ་བོར་བྱེད་པའི་བྱ་འགུལ་སྤེལ་བ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་། མ་ལག་འཛུགས་པ། ཁྱབ་སྤེལ་གསར་གཏོད་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་གཟུགས་མེད་རིག་གནས་ཤུལ་བཞག་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་ཁྲོད་ཁྱད་ཆོས་འབུལ་དུ་ཐོན་པ་དང་སི་ཁྲོན་ནུབ་བྱང་གི་རིག་གནས་བརྒྱུད་འཛིན་ཐད་མིག་དཔེ་བལྟ་ས་ཡག་ཤོས་སུ་གྱུར་ཡོད།
རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱས་ཏེ། གཟུགས་མེད་རིག་གནས་ཤུལ་བཞག་དེ་དཔལ་ཡོན་གྲོང་ཁྱེར་གྱི་རིག་གནས་མིང་བྱང་དུ་བསྒྱུར།
དཔལ་ཡོན་གྲོང་ཁྱེར་འཛུགས་སྐྱོང་ཁྲོད། དར་མདོ་གྲོང་ཁྱེར་གྱིས་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་ཡ་གྱལ“ས་ག་ཟླ་བའི་ཚེས་བརྒྱད”ཕག་མོ་རིའི་གནས་སྐོར་འདུ་ཚོགས་དེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་མཚོན་རྟགས་རང་བཞིན་གྱིIPཞིག་ཏུ་སྐྲུན་བཞིན་ཡོད། ད་ལོའི་ཟླ་བ5པར་སྤེལ་བའི་དམངས་ཁྲོད་ཀྱི་ལག་ཤེས་ལག་རྩལ་བྱེད་སྒོས་གྲོང་མི་དང་ཡུལ་སྐོར་བ་ཁྲི་མང་པོ་བཀུག་པ་དང་། དམངས་ཁྲོད་སྒྱུ་རྩལ་པ18གདན་དྲངས་ནས་མགོ་ཐང་འཚེམ་དྲུབ་དང་མི་ཉག་གྱོན་ཆས་ལས་བཟོ་ལག་རྩལ། ཐང་ཁ་རི་མོ། བོད་ལྷམ་བཟོ་རྩལ་སོགས་ཁྱད་ཆོས་ལྡན་པའི་ལག་རྩལ་ངོམས་པ་དང་། སྲོལ་རྒྱུན་གྱི་ལག་རྩལ་དང་དེང་རབས་ཀྱི་མཛེས་དཔྱོད་མཉམ་འདྲེས་བྱས་པར་བརྒྱུད་ནས་ཁམས་ཀྱི་རིག་གནས་ཀྱི་ཁྱད་འཕགས་སྟོན་པར་མ་ཟད། ཡུལ་སྡེ་དར་རྒྱས་ཁྲོད་རིག་གནས་ཀྱི་སྒུལ་ཤུགས་ཀྱང་བསྣན་ཡོད། བྱེད་སྒོ་དེ་སི་ཁྲོན་ཞིང་ཆེན་གྱི་གཟུགས་མེད་རིག་གནས་ཤུལ་བཞག་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་ཕུལ་བྱུང་དཔེ་མཚོན་དུ་གྱུར་ནས་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྱོང་ཁྲོད་རིག་གནས་ཀྱི་གདེང་ཚོད་མངོན་པའི་སྒེའུ་ཁུང་གལ་ཆེན་ཞིག་ཏུ་གྱུར་ཏེ། གྲོང་མི་ནང་དུ་ཞུགས་ནས་རིག་གནས་ངོས་འཛིན་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་། ཡུལ་སྐོར་བས་མྱོང་རོལ་གྱི་ཁྲོད་ནས་གྲོང་ཁྱེར་གྱི་དཔལ་ཡོན་ནང་དོན་གདིང་ཟབ་ལ་མྱོང་ཚོར་བྱེད་ཆོག་གིན་ཡོད་པ་རེད།
མ་ལག་བསྐྲུན་ཏེ། སྦྲེལ་ཐག་ཧྲིལ་བོར་བརྟེན་ནས་དཔལ་ཡོན་གྲོང་ཁྱེར་གྱི་རིག་གནས་རྨང་གཞི་སྲ་བརྟན་དུ་བཏང་།
“སྔོག་འདོན་དང་། སྙན་ཞུ། གསོ་སྐྱོང”བཅས་ཀྱི་སྦྲེལ་ཐག་ཧྲིལ་པོའི་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་ལམ་སྲོལ་བཙུགས་ཏེ། དཔལ་ཡོན་གྲོང་ཁྱེར་འཛུགས་སྐྱོང་ཁྲོད་ཀྱི་མ་ལག་རང་བཞིན་གྱི་བསམ་གཞིགས་དེ་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་འདྲེས་ཡོད། 2025ལོའི་ལོ་སྟོད་ལ། ཁུལ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་རྣམ་གྲངས8དང་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་པ10གསར་དུ་རེ་ཞུ་ཐུབ་པ་དང་། ད་ལྟའི་བར། གྲོང་ཁྱེར་དེར་གཟུགས་མེད་རིག་གནས་ཤུལ་བཞག་རྣམ་གྲངས་ལ་མཚོན་ན་རྒྱལ་ཁབ་རིམ་པའི་རྣམ་གྲངས1དང་། ཞིང་ཆེན་གྱི་རྣམ་གྲངས6དང་། ཁུལ་རིམ་པའི་རྣམ་གྲངས19དང་། རྫོང་རིམ་པའི་རྣམ་གྲངས8བཅས་ཡོད་ཅིང་། གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་པར་མཚོན་ན་ཞིང་ཆེན་རིམ་པའི5དང་། ཁུལ་རིམ་པའི20དང་། རྫོང་རིམ་པའི10བཅས་ཡོད་པས་འཐུས་སྒོ་ཚང་བའི“གཏོར་གཟུགས་བང་སོ་རྣམ་པའི”བརྒྱུད་འཛིན་མ་ལག་ཆགས་ཡོད། དུས་མཚུངས་སུ་ངོས་འཛིན་བྱས་པའི་མགོ་ཐང་འཚེམ་དྲུབ་བཟོ་ཁང་དང་མི་ཉག་གྱོན་ཆས་ལས་བཟོ་ལག་རྩལ་སོགས་རྫོང་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་བཟོ་གྲྭ14ཡིས་ལས་ཞུགས་ལ་སྐུལ་ཁྲིད་བྱས་པར་མ་ཟད། གཟུགས་མེད་རིག་གནས་ཤུལ་བཞག་གསར་གཏོད་གཞན་བསྒྱུར་གྱི་དཔེ་སྟོན་རྟེན་གཞིར་ཡང་གྱུར་པ་རེད། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་དམངས་འཚོ་ལེགས་བཅོས། གྲོང་ཁྱེར་འཕེལ་རྒྱས་བཅས་གོམ་སྟབས་མཉམ་སྤོ་བྱས་ཏེ། དཔལ་ཡོན་གྲོང་ཁྱེར་འཛུགས་སྐྱོང་ལ“རིག་གནས་དམངས་འཚོའི”གཞི་མདངས་བསྣན་ཡོད།
ཁྱབ་སྤེལ་བྱེད་སྟངས་གསར་གཏོད་བྱས་ཏེ། གཟུགས་མེད་རིག་གནས་ཤུལ་བཞག་སླར་གསོ་བརྒྱུད་འཛིན་དེ་གྲོང་ཁྱེར་གྱི་དཔལ་ཡོན་གྲུབ་ཚུལ་དང་མཉམ་འདྲེས་བྱས།
ཁྲེང་ཏུའུ་རྒྱལ་སྤྱིའི་གཟུགས་མེད་རིག་གནས་ཤུལ་བཞག་དུས་ཆེན་སྐབས་དགུ་པའི་ཡན་ལག་ཚོགས་ར་གཉེར་འགན་ཁུར་བའི་དར་མདོ་གྲོང་ཁྱེར་གྱིས་དར་མདོ་གྲོང་དུ་གཟུགས་མེད་རིག་གནས་ཤུལ་བཞག་སྤྱི་ཁུལ་དུ་སྤེལ་བ་ཞེས་པའི་བྱེད་སྒོ་སྤེལ་ཏེ། གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་པས་ཡུལ་དངོས་སུ་མགོ་ཐང་འཚེམ་དྲུབ་དང་བོད་ལྷམ་བཟོ་བ་སོགས་གཟུགས་མེད་རིག་གནས་ཤུལ་བཞག་ལག་རྩལ་འགྲེམས་སྟོན་བྱས་པ་དང་། ས་གནས་དེ་གའི་རིག་གནས་གསར་གཏོད་ཁེ་ལས10ལྷག་གིས་དེང་རབས་ཇུས་འགོད་དང་འདྲེས་པའི་གཟུགས་་མེད་རིག་གནས་ཤུལ་བཞག་ཁྲོད་དར་སྲོལ་ཆེ་བ་དང་གྱོན་ཆས་སོགས་ཐོན་རྫས་བཏོན་ནས་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་ལག་རྩལ་དེ་རྣམ་པ་གསར་པའི་ཐོག་ནས་མང་ཚོགས་ཀྱི་འཚོ་བ་ཁྲོད་བསྐྱར་དུ་མངོན་པ་རེད།
ད་དུང་། 《ས་བདེ་སྐོར་བྲོ》ལ་དཀར་མཛེས་ཁུལ་ཐང་ཆེན་ཞབས་བྲོ་འགྲན་བསྡུར་ཆེན་མོའི་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་། 《མི་ཉག་ཨ་ཅེ་ལྷ་མོ》ཡི་གཟུགས་ཉན་བརྩམས་ཆོས་ལ་ཞིང་ཆེན་རིམ་པའི་འགྲན་བསྡུར་ཆེན་མོའི་བྱ་དགའ་ཐོབ་པ་དང་། “གཟུགས་མེད་ཤུལ་བཞག་དང་དེང་རབས་སྒྱུ་རྩལ།”“གཟུགས་མེད་ཤུལ་བཞག་དང་རིག་གནས་གསར་གཏོད”སོགས་ཀྱི་བྱེད་སྟངས་བརྒྱུད་ནས་རིག་གནས་ཤུལ་བཞག་སྲུང་སྐྱོང་དེ་གྲོང་མི་ཚོས་མིག་མཐོང་ལག་ཟིན་གྱི་ཤེས་རིག་གི་ལག་ལེན་ཞིག་ཏུ་གྱུར་ཏེ་གྲོང་ཁྱེར་གྱི་ཤེས་རིག་གི་གྲུབ་ཆ་ནང་ཚུད་ཡོད། ད་ལྟའི་བར། དར་མདོ་གྲོང་ཁྱེར་གྱིས་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམས་སྟོན་དེ་དར་མདོའི་དགུན་དུས་ཀྱི་ཡུལ་སྐོར་ཏེ་དར་མདོ་དེ་ལས་མཛེས་ཞེས་པའི་དར་མདོ་གངས་འཁྱགས་དང་ཉི་འོད། ཆུ་ཚན་བཅས་ཀྱི་སྤྲོ་སྣང་བྱེད་སྒོ་སྐབས་དང་པོ་དང་། དཔྱིད་གསར་དུས་ཆེན་དང་བོད་ལོ་གསར་རིག་གནས་ཀྱི་བྱེད་སྒོ། “ས་ག་ཟླ་བའི་ཚེས་བརྒྱད”ཕག་མོ་རིའི་གནས་སྐོར་དམངས་ཁྲོད་ལག་རྩལ་བྱེད་སྒོ། མི་རྒོད་མཚོ་ཉི་ནུབ་འདུ་ཚོགས། 2025ལོའི་སི་ཁྲོན་དཀར་མཛེས་རི་ཆུ་རིག་གནས་ཡུལ་སྐོར་དུས་ཆེན་ཏེG318ཕྱི་རོལ་སྤྲོ་སྐྱིད་འདུ་ཚོགས་དང་དངོས་སླེབས་ཡི་རང་བའི་འཁྲབ་སྟོན་སོགས་བྱེད་སྒོ་ཆེ་ཆུང་ཐེངས20ལྷག་དང་མཉམ་དུ་འདྲེས་ཏེ་འཁྲབ་སྟོན་དང་འགྲེམས་སྟོན། མྱོང་རོལ་བཅས་འདུས་པའི་ནང་དོན་ཕུན་སུམ་ཚོགས་པོར་གྱུར་ཡོད། བྱེད་སྒོ་དེ་དག་གིས་གྲོང་མི་དང་ཡུལ་སྐོར་བའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་བཏང་བར་མ་ཟད། གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་དང་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ནས་དར་མདོའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་དགེ་ཕན་སྔར་བས་མངོན་ཏེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ཡོད།
དེང་སང་། དར་མདོ་གྲོང་ཁྱེར་གྱིས་གཟུགས་མེད་རིག་གནས་ཤུལ་བཞག་ནི་བླ་སྲོག་ཡིན་པ་དང་རིག་གནས་ཡུལ་སྐོར་ནི་གཞི་སྟེགས་ཡིན་པའི་འཕེལ་རྒྱས་བྱེད་སྟངས་བརྒྱུད་ནས་མི་ཉག་རིག་གནས་དང་མགོ་ཐང་རིག་གནས་སོགས་ཁྱད་ལྡན་རིག་གནས་ཐོན་ཁུངས་དེ་དེང་རབས་ཐོན་ལས་དང་ཟུང་འབྲེལ་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བ་དང་། “དར་མདོ་མཛའ་གཞས་ཀྱི་གདངས”དང“ས་ག་ཟླ་བའི་ཚེས་བརྒྱད”སོགས་གཟུགས་མེད་རིག་གནས་ཤུལ་བཞག་གི་ཟོང་རྟགས་ཧུར་ཐག་ངང་བསྐྲུན་པ་རེད། དཔལ་ཡོན་གྲོང་ཁྱེར་འཛུགས་སྐྱོང་ཁྲོད་རིག་གནས་ཤུལ་བཞག་སླར་གསོ་བརྒྱུད་འཛིན་དང་གསར་གཏོད་ལག་ལེན་བྱས་པ་དེས་གྲོང་ཁྱེར་གྱི་དཔལ་ཡོན་ནང་དོན་ཕུན་སུམ་ཚོགས་པ་ཕྱིན་པར་མ་ཟད། རིག་གནས་ཀྱིས་མི་གསོ་བ་དང་རིག་གནས་ཀྱིས་གྲོང་ཁྱེར་དར་བའི་མ་འོངས་པའི་དར་མདོ་འཛུགས་སྐྲུན་རི་མོ་ཞིག་འཚོལ་ཞིབ་བྱས་པ་དང་། སི་ཁྲོན་ནུབ་བྱང་ས་ཁུལ་གྱི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྱོང་མཉམ་དུ་སྐུལ་སྤེལ་གཏང་བར་ཕུན་སུམ་ཚོགས་པའི་ཉམས་མྱོང་མཁོ་འདོན་བྱས་ཡོད།།
( སྐལ་བཟང་རྒྱ་མཚོས་བསྒྱུར།)