国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འགྲུལ་བཞུད་ཅིག་གི་མྱོང་བྲིས་།

ཕ་ཡུལ་གངས་ལྗོངས་རེ་ཞིག་བཞག་ནས།།

ཁྲེང་ཏུའུ་གྲོང་གི་ངོ་མཚར་ལྟད་མོར།།

ལན་གཅིག་མྱུལ་བའི་སྐལ་བཟང་འདི་ཀོ།།

ནག་ཆུ་རིག་ལྷན་ཚང་གི་སྐུ་དྲིན།།

ཁྲེང་ཏུའུ་འབོད་པའི་གྲོང་ཁྱེར་འདི་ཡི།།

མིང་ནི་རྣ་ལམ་ཐོས་གྲངས་མང་རུང་།།

ང་ནི་དངོས་སུ་སོང་མྱོང་མེད་པས།།

ང་ལ་མཚོན་ན་རྒྱུས་མེད་གྲོང་ཁྱེར།།

དབུ་ཁྲིད་བཟང་པོའི་སྣེ་ཁྲིད་འོག་དང་།།

འགྲོ་རོགས་འགྲོགས་བདེའི་གཏམ་གླེང་བར་ནས།།

ཉི་མ་ལྷ་སར་ཕྱིར་མིག་འཕེན་གྱིན།།

གནམ་ཐང་ཡངས་མོར་དལ་གྱིས་འབྱོར་སོང་།།

ཚན་རྩལ་འཕྲུལ་གྱི་རྟ་ལ་བཞོན་ཏེ།།

སྤྲིན་གྱི་བང་རིམ་ཤུགས་ཀྱིས་བརྒལ་ཏེ།།

ཨ་སྔོན་ནམ་མཁའི་འོག་མ་ཞིག་ནས།།

འགྲུལ་བཞུད་ཅིག་གི་དབུ་ཁྱུད་བྲིས་སོང་།།

མཁའ་ཡི་བྱ་ལ་སྐྱེངས་པ་སྟེར་ཞིང་།།

རི་ཚོགས་ཐམས་ཅད་སྐད་ཅིག་བརྒལ་བའི།།

ངང་ཚུལ་འདི་ལ་བསམ་གཞིག་བྱས་ན།།

ཚན་རྩལ་འཕེལ་རྒྱལ་བློ་ཡུལ་ཤོང་དཀའ།།

ཆུ་ཚོད་གཉིས་ཀྱི་འགྲུལ་བཞུད་བར་ནས།།

སྤོས་ལྡན་གྲོང་དུ་བདེ་བླག་འབྱོར་སོང་།།

སིམ་སིམ་འབབ་པའི་ཆར་རྒྱུན་འདི་ནི།།

ངེད་ཅག་མགྲོན་བསུ་བྱེད་པ་ཡིན་ནམ།།

མགྲོན་ཁང་ལེགས་པོ་བཀོད་སྒྲིག་གནང་ཞིང་།།

བཟའ་བཏུང་རྣམས་ནི་ལུས་པོར་འཕྲོད་ལ།།

སློབ་ཁྲིད་དེ་དག་ཁ་གསལ་གོ་བདེ།།

ལྗོངས་རྒྱུ་དག་ཀྱང་མིག་གི་དགའ་སྟོན།།

སློབ་ཚན་བརྗོད་བྱ་སྣ་མང་ཕུན་ཚོགས།།

ལྗོངས་རྒྱུ་ཁྲིད་ཡུལ་རིག་གནས་བཤམས་སྟོན།།

ཁྲེང་ཏུའུ་གྲོང་ཁྱེར་རྒྱུས་ལོན་མ་ཟད།།

ད་དུང་ཉེར་མཁོའི་ཤེས་བྱ་རྟོགས་པ།།

རྩེ་མོ་དགུང་ལ་ཟུག་པའི་ཁང་བརྩེགས།།

ཕན་ཚུན་སུ་མཐོ་འགྲན་པ་ཨེ་ཡིན།།

དེ་ལ་ཡང་ཡང་ཞིབ་ཏུ་བལྟས་ན།།

མགོ་བོའི་ཞྭ་ཡང་ལྷུང་ས་འདུག་གོ།

ཁྲ་ཆིལ་དགུ་ཆིལ་གྲོང་འདིའི་གློག་འོད།།

མཁའ་ཡི་སྐར་ཚོགས་སྐྱེངས་པ་སྟེར་བྱེད།།

ཁ་པར་རིན་པོ་ཆེ་འདི་མེད་ན།།

རང་ཉིད་གང་དུ་ཡོད་མེད་ཤེས་དཀའ།།

ནང་སའི་གྲོང་ཁྱེར་ཆེན་པོ་ཁག་ལས།།

བོད་རིགས་མང་ཤོས་ཡིན་པའི་གྲོང་ནི།།

ཁྲེང་ཏུའུ་གྲོང་ཁྱེར་ཡིན་པའི་གཏམ་དེའི།།

བདེན་པའི་གནས་ལུགས་མིག་གིས་མཐོང་སོང་།།

ས་འོག་བརྒྱུད་ནས་མིག་ཡུན་ཙམ་ལ།།

འབྲུག་ལྟར་གྲགས་ཤིང་སྦྲུལ་ལྟར་འཁྱུག་ནས།།

དེ་མ་ཉིད་དུ་དམིགས་སར་བསྐྱལ་ཚེ།།

སྒྱུ་མ་མཁན་གྱི་རྫུ་འཕྲུལ་ངོམ་འདྲ།།

ཁང་བཟང་བཀོད་པ་རི་ཚོགས་ཕྲེང་བ།།

གཅིག་ལས་གཅིག་མཚར་ཚུལ་དུ་སྣང་ངོ་།།

ནང་དུ་འཛུལ་ན་གློག་གི་སྐས་སུ།།

མི་ཚོགས་གྲོག་ཚང་བརྡོལ་བ་འདྲ་འོ།།

སྨུག་སྤྲིན་ལང་ལོང་ཀློང་གི་ཁྲེང་ཏུའུ།།

མི་ཚོགས་ཟང་ཟིང་དབུས་ཀྱི་ཁྲེང་ཏུའུ།།

ཆར་པ་ཟམ་ཟིམ་ནང་གི་ཁྲེང་ཏུའུ།།

མཐོང་ལམ་རབ་རིབ་བར་གྱི་ཁྲེང་ཏུའུ།།

ཁྲེང་ཏུའུ་གྲོང་གི་སྣོད་བཅུད་དག་ལ།།

ལན་གཅིག་མྱུལ་བའི་གོ་སྐབས་བཟང་པོས།།

གངས་དཀར་སེམས་ལ་སྔར་མེད་བག་ཆགས།།

མང་དུ་རྙེད་པས་བདག་བློ་དགའ་སོང་།།

རི་ཆུའི་བཀོད་པ་མིག་གི་ལོངས་སྤྱོད།།

དམངས་ཁྲོད་གླུ་དབྱངས་རྣ་བའི་བུ་རམ།།

རང་རང་ཡུལ་ནས་རང་ལུགས་བསྐྱངས་ན།།

རང་གི་རིག་གནས་བརྒྱུད་འཛིན་བྱེད་པ།།

གྲོང་འདིར་ལན་གཅིག་ཡོང་བའི་དྲིན་གྱིས།།

རྒྱ་མཚོའི་ནང་གི་ཆུ་ཐིགས་བཞིན་དུ།།

སྔོན་ཆད་ཆ་རྒྱུས་ཅི་ཡང་མེད་ཀྱང་།།

ད་ནི་ཆ་རྒྱུས་ཆུ་ཐིགས་ཙམ་རྙེད།།

ཕྱི་ཡི་གྲོང་ཁྱེར་ཆེན་པོ་དག་གིས།།

ང་ཡི་བློ་སྒོ་ཡང་ཡང་ཕྱེ་སོང་།།

མཐོང་རྒྱ་ཁབ་མིག་ཙམ་ཞིག་མ་ཡིན།།

ཕྱི་ཡི་འཇིག་རྟེན་མཐོང་རྒྱུར་སྐུལ་ཡོང་།།

སློབ་ཁྲིད་དེ་དག་ཤིན་ཏུ་ཕན་པོ།།

ལྗོངས་རྒྱུ་དེ་དག་རབ་ཏུ་ལྟད་མོ།།

བཟའ་བཏུང་དེ་དག་ཧ་ཅང་ཡག་པོ།།

མཐུན་རྐྱེན་དེ་དག་བཀའ་དྲིན་ཆེན་པོ།།

དུས་ཀྱི་འཁོར་ལོ་ཇི་འདྲའི་མགྱོགས་པ།།

བསམ་དབང་དྲན་དབང་ཅི་ཡང་མེད་པར།།

མི་འདོད་བཞིན་དུ་མང་པོར་གྱེས་དགོས།།

མི་བསམ་ས་ནས་མང་པོར་འཕྲད་ཡོང་།།

འདི་རུ་འབྱོར་ནས་བདུན་གཉིས་འཁོར་རན།།

བདུན་གཉིས་འཁོར་ན་ང་ཚོ་གྱེས་རན།།

འདི་རུ་འཛོམས་པ་ལས་དབང་ཡིན་ན།།

གྱེས་དགོས་བྱུང་བ་ལས་དབང་ཅིས་མིན།།

རྗོད་བྱེད་ཚིག་གི་སྡེབ་སྦྱོར་མི་མཛེས།།

བརྗོད་བྱ་དོན་གྱི་ནང་དོན་མི་ལེགས།།

འོན་ཀྱང་གང་དྲན་ཡིག་ངོར་བཀོད་འདི།།

འགྲུལ་བཞུད་ཅིག་གི་མྱོང་བྲིས་ཡིན་ནོ།།

༼ བྱང་སྐྱ་རེངས། ༽