国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྐར་མའི་སྟེང་གི་ ལྷའི་རོལ་མོ།

ཆུ་མོ་མར་མར་བཞུར་ན་བཞུར་དུ་ཆུག།

རླུང་བུ་ཡར་ཡར་ལྡང་ན་ལྡང་དུ་ཆུག།

སྣང་བ་ཟིན་མེད་སྒྱུ་མའི་ཆུ་ཟླ་བཞིན།།

བག་མེད་འདར་ཞིང་སྐྱོམ་ལ་ཁག་ཅི་ཡོད།།

འཁོར་འདས་སྣང་བ་ཕྱེ་བའི་རི་དྭགས་མིག།

ཟམ་པ་ལྡེམ་ཞིང་ལྡེམ་ན་ང་ཡང་ལྡེམ།།

འཛུམ་པའི་མདངས་ཕྱུང་ལས་ཀྱི་ལྷ་མོ་ལ།།

ལན་ཅིག་འཕྲད་པའི་སྐལ་བ་སྙིང་ལ་བྲིས།།

ཚོར་བའི་ཆུ་རྡུལ་འཁྲིགས་པའི་ལྡིང་ཁང་ན།།

མཛའ་བརྩེའི་མེ་ཏོག་གསོ་བའི་ན་ཆུང་མ།།

འཁོར་བའི་སྒེའུ་ཁུང་འགྲམ་གྱི་བསིལ་ཡབ་དང་།།

རྨི་ལམ་སྣང་བ་ང་ལ་གནང་རོགས་ཞུ།།

དུས་ཀྱི་འཕོ་འགྱུར་ཇི་ལྟར་འཚུབ་ཀྱང་ཆོག།

ལས་ཀྱི་ཆུ་རྐ་ཆེ་ཆུང་བརྒལ་ནས་འགྲོ།།

ཐུགས་ཀྱི་མཛའ་བ་གཏིང་ནས་མ་འདོར་དང་།།

འདི་ཕྱིའི་སྨོན་པ་ཁྱེད་དང་མཉམ་དུ་འདེབས།།

སྒྱུ་ལུས་སོར་ཆད་བར་ཐག་རིང་ཡང་ཆོག།

ཐུགས་བརྩེའི་རི་མོ་སྙིང་ནས་མ་ཞིག་པར།།

མཛའ་བརྩེའི་བར་ཐག་མེད་ན་དེས་ཆོག་གི།

འདི་སྣང་ལས་ཀྱི་ཁ་ཡིག་ཁྱེད་ལ་བཅོལ།།

དྭངས་གསལ་སྙིང་གི་དགའ་ལྡན་རི་མོ་རུ།།

སེམས་ལ་སེམས་ཀྱིས་བྲིས་པའི་དམ་ཚིག་དེ།།

ལས་ཀྱི་བསྐོས་ཐང་བཞིན་དུ་སྲུང་འདོད་ཀྱི།།

འདའ་དཀའི་ཆིངས་ཡིག་ཁྱེད་ཀྱི་དྲུང་དུ་ཕུལ།།

མེ་ཏོག་རྒྱན་དུ་བྱས་ཀྱང་མི་རྙིད་པའི།།

ལས་ཀྱི་ངལ་བ་བདག་གིས་སྐལ་དུ་ལེན།།

འཛུམ་པའི་སྤྱན་རས་གཡོ་བའི་ཅོག་སྟེགས་སུ།།

བདུད་རྩི་ཟས་ཀྱི་བཤམ་བཀོད་ཀུན་ནས་སྐྱོང་།།

སྤྲིན་ཕུང་དུམ་བུར་གཏིབས་བཞིན་མཁའ་ལ་རྒྱུ་བའི།།

ལྷ་ཡི་ན་ཆུང་སྒེག་ལྡན་མཛེས་པའི་ཡང་རྩེ།།

ཆུ་ཡི་པད་འདབ་སྙིང་གི་རི་མོའི་གསེབ་ཏུ།།

བྱུ་རུ་དམར་ཆུང་ཟོལ་གྱིས་འབབ་བཞིན་འདུག་ན།།

བུ་ཡི་ཐ་མ་ངས་ཀྱང་སྟོང་བའི་ཁམས་ལ།།

བརྩེ་བའི་སྐས་ཐེམ་བཙུགས་ཏེ་ལག་པ་བསྲིང་འདོད།།

དར་དཀར་འཇའ་ཡི་ན་བཟའ་གང་དགར་བཀླུབས་པའི།།

བརྒྱད་ཟུང་ལང་ཚོའི་མེ་ཏོག་གཡུར་དུ་ཟ་ཞིང་།།

སྨིན་མཛེས་སྟ་ཟུར་རི་མོ་གར་དུ་འཁྱུག་བཞིན།།

འཁྲང་ཟླུམ་མྱོས་བུམ་ཉི་ཟླ་ཟུང་གི་སྒེག་པས།།

སྲེད་ལྡན་བུ་ཡི་སྙིང་ལ་ག་ཚིལ་སྒོག་ན།།

འདི་ཕྱིའི་འཆིང་ཐག་བཅད་ནས་འཕྲུག་འཕྲུག་གནང་ཆོག།

བརྩེ་བའི་བྱམས་ཆེན་སྙིང་གི་གདན་ལ་བཞུགས་ཏེ།།

དགའ་འཛུམ་དྲོད་ཀྱི་ཐིག་ལེས་ལུས་ཁམས་གསོས་ཤིང་།།

འཆི་མེད་བདུད་རྩིའི་བྱིན་རླབས་སྙིང་ལ་འཕོས་ན།།

དད་འདུན་སྙིང་གི་རི་མོ་གསུབ་ཏུ་མེད་པར།།

སྨོན་ལམ་རེ་བའི་སྐྱེལ་སོ་འདི་རུ་གྲུབ་ཅིང་།།

གསོལ་འདེབས་བདེན་པའི་ཕྱི་མཐའ་འདི་ནས་དཀར་ཡོང་།།

༼ རྨོག་ཐང་དཀར། ༽