ན་གཞོན་དུས་སུ་གསར་བརྗེའི་གྲོགས་དང་འཕྲད།།
རང་སྲོག་བློ་ཡིས་གཏོང་ལ་སྐྲག་པ་མེད།།
ཁྱིམ་དང་རྒྱལ་ཁབ་གཅེས་པའི་ལྷག་བསམ་ཆེ།།
དམག་མིའི་སྙིང་སྟོབས་དེ་ལས་ཤུགས་རྐྱེན་ཐེབས།།
ལྕགས་ཟམ་རྫོང་ལྕགས་ཟམ་གྲོང་རྡལ་པེ་ཏོན་སྤྱི་ཁུལ་དུ་ཏང་མི་རྒན་པ་འདི་འདྲ་ཞིག་ཡོད། མོས་བགྲང་བྱ་སུམ་ཅུའི་རིང་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བྱས་ནས་ཏང་ནང་ཞུགས་ཐུབ་པར་གྲ་སྒྲིག་བྱས་ཡོད། མི་ཚེ་ཕྱེད་ཀ་ནང་སྒེར་སེམས་སྤུ་ཙམ་མེད་པས་ཞབས་ཞུ་བསྒྲུབས་པ་ལས་མོའི་ཏང་ལ་བློ་སེམས་དཀར་བ་མཚོན་ཐུབ། རྒན་རྒོན་དཀྱུས་མ་ཞིག་གིས་སྤྱིར་བཏང་མིན་པའི་མི་ཚེའི་ཁྲོད་ཏང་ལ་དད་འདུན་ནམ་ཡང་སེམས་སུ་བཅངས་པའི་ངོ་མཚར་སེམས་འགུལ་ཐེབས་པའི་ལོ་རྒྱུས་ཤིག་བྲིས་ཡོད།
ཡན་ཧྥང་དབྱིན་ཏང་ནང་ཞུགས་འདོད་སྐྱེས་པ་ནི་མོ་ལོ་བཅུ་དྲུག་ལ་སླེབས་དུས་བཅིངས་འགྲོལ་དམག་ཐང་ཀྲི་ཁྲེང་དང་ངོ་ཤེས་པ་ནས་འགོ་བརྩམས། སྐབས་དེར། ཐང་ཀྲི་ཁྲེང་ནི་ཨ་འགོག་ཁྲའོ་རོགས་དམག་འཁྲུག་ནས་ཕྱིར་ལོག་མ་ཐག་ཡིན་པས། ཁོང་ལ་རྨས་སྐྱོན་ཕོག་ནས་ཧུའུ་ནན་ཧེང་དབྱང་སྨན་ཁང་དུ་སྨན་བཅོས་བྱེད་པའི་སྒང་ཡིན། ཐང་ཀྲི་ཁྲེང་ནི་ཧུའུ་ནན་ནུབ་རྒྱུད་ཀྱི་ཇག་རྒོད་དང་ཨ་འགོག་ཁྲའོ་རོགས་དམག་འཁྲུག་བརྒྱུད་མྱོང་བའི་དཔའ་བོ་ཞིག་ཡིན། ཕན་ཚུན་རྒྱུས་ལོན་བྱུང་རྗེས། གསར་བརྗེའི་དུས་རབས་དེ་ནང་ན་གཞོན་ལོ་ཆུང་དེ་གཉིས་གཅིག་སེམས་གཅིག་ལ་སྦྲེལ་ནས་གསར་བརྗེའི་ཕུགས་འདུན་གཅིག་པའི་བཟའ་ཚང་དུ་གྱུར། རྨས་ལས་དྲག་རྗེས་ཀྱི་ཐང་ཀྲི་ཁྲེང་འཐབ་འཛིང་གི་ཡུལ་དངོས་སུ་ཕྱིར་ལོག་མི་ཐུབ་རུང་མདའ་ཤོག་གི་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུ་འགན་སྲུང་ཁྲུའུ་རུ་ཕྱིན་ནས་དཔོན་དམག་ལ་མུ་མཐུད་དེ་ཞབས་འདེགས་ཞུས་པ་རེད། ཡན་ཧྥང་དབྱིན་གྱིས་ཁོང་ལ་འཐབ་འཛིང་བྱེད་དུས་སྐྲག་ཨེ་མྱོང་ཞེས་དྲིས་སྐབས། ཁོང་གིས་བློ་བརྟན་འགྱུར་མེད་ངང་སྐྲག་མྱོང་། འོན་ཀྱང་ངས་རྒྱལ་ཁབ་གཞན་གྱིས་འཕྲོག་པར་དེ་བས་སྐྲག་མྱོང་ཞེས་ལན་བཏབ།
ཐང་ཀྲི་ཁྲེང་གི་ལུས་སྟེང་ལ་གནས་པའི་དམག་མི་ཞིག་གི་རང་སྲོག་གཏོང་ཕོད་པའི་དཔའ་ངར་གྱི་སྙིང་སྟོབས་དང་། ཁྱིམ་ཚང་དང་རྒྱལ་ཁབ་ལ་དགའ་ཞེན་ཆེ་བ། བཀའ་འགན་བརྟན་པོར་སྲུང་བ། དད་འདུན་འགྱུར་མེད་བརྟན་པོ་ཡིན་པའི་རང་གཤིས་ཀྱིས་ཡན་ཧྥང་དབྱིན་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཏེ་ཏང་གི་བྱ་གཞག་ཁྲོད་རང་ཉིད་ཀྱི་ནུས་ཤུགས་ཆུང་ངུ་ཙམ་ཤིག་འདོན་ཨེ་ཐུབ་ཀྱི་ཐོག་མའི་བསམ་པའི་རྨང་གཞི་བརྟན་པོར་བཏིང་བ་རེད།
བློ་སྟོབས་ཆེན་པོ་འུ་ལག་རི་བཞིན་བརྟན།།
དཀའ་ངལ་མདུན་དུ་ནམ་ཡང་མགོ་མི་སྒུར།།
དམངས་དོན་སྒྲུབ་ལ་ལག་ལེན་གསེར་ཐིགས་བབས།།
མང་ཚོགས་བར་དུ་སེམས་མཐུན་ཟམ་པ་བཙུགས།།
1964ལོར། ཐང་ཀྲི་ཁྲེང་དམག་ནས་ཕྱིར་བུད་ནས་ལས་གནས་བསྒྱུར་པ་རེད། ཁོང་གིས་རྒྱལ་ཁབ་ཀྱི་མཐའ་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་འབོད་སྐུལ་དང་ལེན་བྱས་ཏེ་རང་འགུལ་ངང་དཀར་མཛེས་ཁུལ་དུ་ལས་དོན་སྒྲུབ་སར་ཡོང་བའི་རེ་བ་ཞུས། ཡན་ཧྥང་དབྱིན་ཡང་ཐེ་ཚོམ་སྤུ་ཙམ་མེད་པའི་སྒོས་ཁྱོ་ག་དང་མཉམ་དུ་རི་ཆུ་སྟོང་ཕྲག་བརྒལ་ནས་གསར་བརྗེའི་ཡུལ་གྲུ་ལྕགས་ཟམ་ཁར་སླེབས་པ་རེད། དཀའ་ཚེགས་ཆེ་བའི་རང་བྱུང་ཁོར་ཡུག་དང་འཚོ་བའི་ཆ་རྐྱེན་གྱི་མདུན་དུ་མོས་ནམ་ཡང་ཕྱིར་བཤོལ་བྱེད་མྱོང་མེད། མགྱོགས་མྱུར་ངང་ས་གནས་དེ་གར་ཞུགས་ནས་འཛུགས་སྐྲུན་ལ་རོགས་རམ་བྱ་ཆེད། ཡན་ཧྥང་དབྱིན་གྱིས་ཐོན་སྐྱེད་ངལ་རྩོལ་ཁག་གི་ནང་ཧུར་ཐག་གིས་ཞུགས་པ་དང་། དེ་ལས་འུ་ལག་རི་བོའི་གཞུང་ལམ་བཞེངས་གསོ་ལས་དོན་གྱིས་མོར་བག་ཆགས་ཧ་ཅང་ཟབ་མོ་བཞག་ཡོད། གཞུང་ལམ་དེ་ནི་ལྕགས་ཟམ་ཁ་དང་ཕྱི་རོལ་བར་གྱི་དངོས་ཟོག་སྐྱེལ་འདྲེན་དང་མི་སྣ་འགྲོ་འོང་བྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པས། བཞེངས་གསོའི་ལས་འགན་དཀའ་ཚེགས་ཆེ་མོད། འོན་ཀྱང་། མོས་དཀའ་ངལ་ལ་མི་འཛེམས་ནས་ཉི་མ་ཚ་རུང་ཆར་བ་བབས་ཀྱང་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་མ་ཐུབ་བར་དུ་ཧུར་ཐག་གིས་དཀའ་ལས་བརྒྱབ་པ་རེད།
ཞིང་ཆས་མཉམ་ལས་ཁང་དུ་ལས་ཀ་བྱེད་དུས། ཡན་ཧྥང་དབྱིན་ལ་ངར་ལྕགས་ལྟ་བུའི་བུད་མེད་ཅེས་པའི་མིང་གཞན་ཞིག་བཏགས་ཡོད། ཀའོ་པན་ཧྲན་གྲོང་ཚོའི་ཡུལ་མིའི་དངོས་ཟོག་དཀོན་པའི་གནད་དོན་ཐག་གཅོད་ཆེད། མོས་རུ་མི་ཚོ་ཁྲིད་དེ་དངོས་ཟོག་ཁྱེར་ནས་རི་ལ་འགྲོ་བའི་བྱ་སྤྱོད་སྤེལ་བ་རེད། ཁོ་ཚོས་ནམ་མ་ལང་གོང་རྒྱ་མ་བཅུ་ཕྲག་ལྷག་ཡོད་པའི་ཚྭ་དང་ཞིང་ཆས་ཕྲག་ཏུ་ཁུར་ཏེ་བལྟས་ན་འཇིགས་སྣང་སྐྱེས་པའི་གཡང་གཟར་དོག་མོ་རེ་རེ་རྐང་ཟུང་གིས་འཇལ་ནས་རི་འགོར་བསྐྱོད་འགོ་བཙུགས་པ་རེད། ཐེངས་ཤིག་དངོས་ཟོག་སྐྱེལ་འདྲེན་བྱེད་པའི་ལམ་བར་དུ་རི་ཉིལ་ནས་མོའི་པུས་མོར་རྨས་སྐྱོན་ཚབས་ཆེན་ཕོག་རུང་མོས་ཚྭ་ཁུག་མ་དམ་པོར་བཟུང་ནས་ཤོར་མེད། དེ་ལྟར་ཉིན་དང་ཟླ་བ་བརྒྱུད་དེ་ཀའོ་པན་ཧྲན་གྲོང་ཚོའི་ས་སྤར་མོ་ཙམ་ཡན་ཆད་ལ་མོའི་རྐང་རྗེས་བཞག་མ་མྱོང་ས་མེད་པར་བྱས་ཏེ། དེ་གའི་ཡུལ་མི་ཚོ་དང་འོ་ཆུ་མཉམ་འདྲེས་ཀྱི་སེམས་འབྲེལ་ཟམ་པ་བཟང་པོ་ཞིག་བཙུགས་པ་རེད།
སི་ཝན་གྲོང་ཚོའི་རི་མཐོའི་ཆུ་འདྲེན་ལས་གྲྭའི་ཁྲོད་མོས་མངོན་པའི་སྙིང་སྟོབས་ནི་བརྗོད་ཐབས་བྲལ་བ་ཞིག་ཡིན། རི་ཁུལ་མང་ཚོགས་ཀྱི་ཆུ་འཐུང་དཀའ་བའི་དཀའ་ངལ་ཐག་གཅོད་ཆེད། མོས་རུ་མི་ཚོ་ཁྲིད་དེ་གྲང་ངར་ཧ་ཅང་ཆེ་བའི་གནམ་གཤིས་ཁྲོད་ཆུ་ཡུར་བརྐོས་ནས་ལག་པ་གཉིས་འཁྱགས་ནས་སྨུག་ཅིང་གས་རུང་མོས་རས་ཀྱིས་བཏུམས་ནས་མུ་མཐུད་དེ་ལས་ཀ་བྱས་པ་རེད། དྭངས་ཤིང་གཙང་བའི་འཐུང་ཆུ་ཐེངས་དང་པོར་ཡུལ་མི་ཚོའི་ཆུ་སྣོད་དུ་བླུགས་དུས། ཡུལ་མོ་ཚོར་སེམས་འགུལ་ཆེན་མོ་ཐེབས་ནས་མིག་ཆུ་བཏང་དུས། མོས་མྱངས་པའི་དཀའ་ངལ་ཡོད་ཚད་སྤྲིན་ནག་ཡལ་ནས་དྲོ་སྐྱིད་ལྡན་པའི་ཉི་འོད་ཕོག་པ་བཞིན་སེམས་པ་སྤྲོ་ལྷང་ལྷང་དུ་གྱུར།
ཏང་ནང་ཞུགས་པའི་དུས་ལ་སྔ་ཕྱི་མེད།།
བསམ་པ་རྣམ་དག་ཡིན་མིན་ལ་བལྟ་དགོས།།
བྱ་བ་གང་སྒྲུབ་ཆེ་ཆུང་ཁྱད་པར་མེད།།
དམངས་ཀྱི་ཆེད་དུ་ཡིན་མིན་ལ་བལྟ་དགོས།།
བགྲང་བྱ་ཉི་ཤུའི་རིང་ལ་ཁོང་གིས་རྟག་ཏུ་ཏང་མི་ཞིག་གི་ཚད་གཞིར་བཟུང་ནས་འགྲོ་འདུག་སྤྱོད་གསུམ་སྤེལ། དེ་འདྲ་བྱས་ན་ཡང་མོས་ད་དུང་ཏང་ནང་ཞུགས་པའི་རེ་ཞུ་ཡི་གེ་ཕུལ་མེད། གང་རེད་ཅེ་ན། ཁོང་གིས་དུས་རྒྱུན་པར་ང་རང་ད་དུང་ཏང་ནང་ཞུགས་པའི་ཆ་རྐྱེན་འདང་གི་མ་རེད། མུ་མཐུད་དེ་འབད་བརྩོན་བྱ་དགོས་ཞེས་བཤད། 1986ལོར་ཡན་ཧྥང་དབྱིན་ལོ46ལ་ཐོན་དུས་ད་གཟོད་འདང་ཡང་ཡང་བརྒྱབ་རྗེས་ཏང་རྩ་འཛུགས་ལ་ཏང་ནང་ཞུགས་པའི་རེ་ཞུ་ཡི་གེ་ཕུལ། རྩ་འཛུགས་ཀྱིས་སྐད་ཆ་འདྲི་དུས་མོས་ཏང་ནང་ཞུགས་བསམ་པ་ནི་ཀུན་སློང་གཙང་མ་ཞིག་དང་། ཏང་གི་རྗེས་སུ་འབྲང་རྒྱུ་དང་བློ་གཅིག་སེམས་གཅིག་གིས་བྱ་བ་ལེགས་པོ་བསྒྲུབ་འདོད་པ་ཡིན་ཞེས་ལན་བཏབ། མོས་ཏང་དར་མདུན་དུ་དམ་བཅའ་འཇོག་སྐབས་སྐྲ་ལོ་དུང་ལྟར་དཀར་པོ་གྱུར་ཚར། མོ་ཧུའུ་ནན་ནས་སི་ཁྲོན་དང་། གཞོན་ནུ་ནས་ཚེ་སྨད་བར་གྱི་ཉིན་མཚན་ཁྲི་གཅིག་ལྷག་གི་རིང་ལ་ལས་གནས་བརྟན་དུ་བསྲུངས་པ་ལས་སེམས་པ་ཏང་ལ་གཏད་པའི་སྐུལ་སློང་གཙང་མ་ཡིན་པར་ར་སྤྲོད་ཐུབ་ཡོད།
ད་ལྟ། ལོ་ན་བགྲེས་པའི་ཡན་ཧྥང་དབྱིན་གྱིས་ཉིན་ལྟར་གསར་འགྱུར་མཉམ་བསྒྲགས་ལ་ལྟ་བའི་གོམས་གཤིས་རྒྱུན་འཁྱོང་བཞིན་ཡོད། མོས་རྟག་ཏུ་སྤྱི་ཁུལ་གྱི་གཞོན་ནུ་ཚོར་ཏང་ནང་ཞུགས་རྒྱུར་དུས་ཚོད་སྔ་ཕྱི་མེད། སེམས་པ་རྣམ་དག་ཡིན་མིན་གཙོ་བོ་ཡིན། བྱ་བ་ཆེ་ཆུང་མ་ཡིན་པར་བློ་གཅིག་སེམས་གཅིག་གིས་མི་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་མིན་གཙོ་བོ་ཡིན་ཞེས་བཤད་དང་འཆད་བཞིན་ཡོད། སྐད་ཆ་དེ་ནི་མོའི་སེམས་གཏམ་ཡིན་ལ་མོའི་མི་ཚེ་གང་བོའི་ལས་ཀ་བསྒྲུབས་ཚུལ་དངོས་ཀྱང་ཡིན་པ་རེད།
ཡན་ཧྥང་དབྱིན་གྱིས་ཏང་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དང་དད་འདུན་གཙང་མས་བརྩོན་པ་ལྷོད་མེད་བྱས་པས་གུང་ཁྲན་ཏང་མི་ཞིག་གི་ཆེས་དྭངས་གཙང་གི་རང་གཤིས་མཚོན་ཡོད། མོའི་མི་ཚེ་ཕྱེད་ཀའི་དད་སེམས་བརྟན་པོ་ནི་ལྕགས་ཟམ་ཟམ་པའི་སྟེང་གི་ལྕགས་ཐག་རེ་རེ་བཞིན་ལོ་ཟླའི་ཆར་རླུང་ཁྲོད་དུ་སྔར་བས་སྲ་ཞིང་བརྟན་པར་གྱུར། མོ་ནི་དུས་རབས་གསར་པའི་ཏང་མི་ལས་བྱེད་པས་ཐོག་མའི་བསམ་འདུན་བརྟན་པོར་བཅངས་ཤིང་འབད་བརྩོན་ལྷོད་མེད་བྱེད་པའི་མིག་དཔེ་གསོན་པོ་ཞིག་ཡིན་ལ། ང་ཚོ་ནམ་ཡང་ཏང་གི་རྗེས་སུ་འབྲང་པ་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་པའི་བསམ་པའི་དཔལ་འབར་ཡང་ཡིན་ཏེ་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པའི་འགྲོ་ལམ་མངོན་པར་གསལ་ལོ།།( སྐལ་བཟང་རྒྱ་མཚོས་བྲིས།)