གཉིས་པ། ཚིག་སྡུད་དྲུག་གི་དཔེར་བརྗོད་དངོས་གཞི།
དེ་ཡང་ཚིག་སྡུད་ནི་ཚིག་གི་བར་གྱི་རྣམ་དབྱེ་བརྗོད་བྱ་རྗོད་བྱེད་དང་འབྲེལ་བར་བསྡུས་ཏེ་མིང་ཚིག་སྔ་ཕྱི་ལྷན་ཅིག་ཏུ་སྦྱོར་བས་དགོས་དོན་མ་ནོར་བར་སྟོན་པར་བྱེད་པའི་སྒྲ་ལ་ཚིག་སྡུད་ཅེས་བརྗོད་ལ། དེ་ལ་དབྱེ་ན་དྲུག་ཡོད་དེ། ལས་འཛིན་གྱི་བསྡུ་བ་དང་། བ་གཉིས་པའི་བསྡུ་བ། འབྲུ་མང་པོའི་བསྡུ་བ། དེའི་སྐྱེས་བུའི་བསྡུ་བ། ཟླས་དབྱེ་བའི་བསྡུ་བ། མི་ཟད་པའི་བསྡུ་བ་དྲུག་གི་དཔེར་བརྗོད་རྣམས་གཤམ་གསལ།
༡ ལས་འཛིན་གྱི་བསྡུ་བ་ནི། ལས་གཞི་དང་ལས་ཀྱི་ཁྱད་ཆོས་ཕྱོགས་གཅིག་ཏུ་འཛིན་པས་མཐུན་པར་བསྡུ་བ་ཞིག་ལ་གོ་དགོས། དཔེར་ན། ཆུ་ཡང་ཡིན་ལ་དཀར་པོའང་ཡིན་པ་ལ། ཆུ་དཀར་པོ་དང་། ཕྱིང་བ་ཡང་ཡིན་ལ་སྔོན་པོ་ཡང་ཡིན་པ་ལ། ཕྱིང་བ་སྔོན་པོ་ཞེས་པ་ལྟ་བུ།
༢ བ་གཉིས་པའི་བསྡུ་བ་ནི། བགྲང་བར་བྱ་བ་དང་གྲངས་གཉིས་བརྗོད་བྱ་འབྲེལ་བར་བསྡུ་བ་ཞིག་ལ་གོ་དགོས། དཔེར་ན། དབང་པོ་ཡང་ཡིན་ལ་ལྔའང་ཡིན་པ་ལ། དབང་པོ་ལྔ་དང་། མི་ལྔ་ཡང་ཡིན་ལ་སུམ་མདོ་ཡང་ཡིན་པ་ལ། མི་ལྔ་སུམ་མདོ་ཞེས་པ་ལྟ་བུ། ﹙མི་ལྔ་ནི་མི་ཉག་མཁས་པ་མི་ལྔ་འཛོམས་སའི་སུམ་མདོའོ།།﹚
༣ འབྲུ་མང་པོའི་བསྡུ་བ་ནི། ཁྱད་པར་གྱི་ཆོས་ཤིག་ཁྱད་གཞི་གང་ལ་ལྡན་པའི་དོན་བསྡུ་བ་ཞིག་ཡིན་པ། དཔེར་ན། ཟླ་བ་དང་འདྲ་བའི་བྱད་བཞིན་ཅན་ལ་ཟླ་བའི་གདོང་ཟེར་བ་དང་། ཡང་ན་རྒྱུ་རྐྱེན་དུ་མ་འདུས་པ་ལས་བྱས་པ་ལ། འདུས་བྱས་དང་། ཕུང་པོ། ཚན་རིག་ཞེས་པ་ལྟ་བུ་སོགས་ཡིན་པར་བཤད།
༤ དེའི་སྐྱེས་བུའི་བསྡུ་བ་ཇི་ལྟར་ཡིན་ཞེ་ན། དེ་ནི་མིང་ཚིག་གཉིས་ཀྱི་བར་གྱི་རྣམ་དབྱེ་དང་པོ་ནས་བདུན་པའི་བར་བསྡུས་པའི་དོན་ཡིན་ཞིང་དེ་ལ་དབྱེ་ན། རྣམ་དབྱེ་དང་པོ་བསྡུ་བ་དང་། གཉིས་པ་བསྡུ་བ། གསུམ་པ་བསྡུ་བ། བཞི་པ་བསྡུ་བ། ལྔ་པ་བསྡུ་བ། དྲུག་པ་བསྡུ་བ། བདུན་པ་བསྡུ་བ་བཅས་བདུན་ཡོད་པ་རེད། སྤྱིར་བསྡུ་ཚུལ་ལ་རྣམ་དབྱེ་དང་པོ་མེད་ཀྱང་འདིར་ཁོ་བོས་གསར་དུ་བསྣན་པ་ཡིན།
(༡)རྣམ་དབྱེ་དང་པོ་བསྡུ་བ་གང་རེད་ཅེ་ན། ཚེ་རིང་སྒྲོན་མ་ལ། ཚེ་སྒྲོན་དང་། བློ་བཟང་རྒྱ་མཚོ་ལ། བློ་རྒྱམ། འགྱུར་མེད་ཚེ་དབང་ལ། འགྱུར་ཚེ། བཀྲ་ཤིས་དབྱངས་ཅན་ལ། བཀྲ་དབྱངས། བཀྲ་ཤིས་རྡོ་རྗེ་ལ། བཀྲ་རྡོར། སློབ་གྲྭ་ཆེན་པོ་ལ། སློབ་ཆེན། དགེ་རྒན་ལ། དགེན་ནམ་རྒན་ཞེས་པ་ལྟ་བུ། མིང་གི་མགོ་བསྡུ་བ། བཀྲ་ཤིས་རྒྱ་མཚོ་ལ། རྒྱ་མཚོ་དང་། བཀྲ་ཤིས་དབང་མོ་ལ། དབང་མོ། ཀུན་བཟང་རྡོ་རྗེ་ལ། རྡོ་རྗེ་ལྟ་བུ། མིང་གི་མཇུག་བསྡུ་བ། བཀྲ་ཤིས་རྒྱ་མཚོ་ལ། བཀྲ་ཤིས་དང་། ཚེ་རིང་སྒྲོན་མ་ལ། ཚེ་རིང་། བློ་བཟང་རྒྱ་མཚོ་ལ། བློ་བཟང་ལྟ་བུ་རེད། བསྡུ་མི་རུང་བའི་དཔེར། གཉའ་ཁྲི་བཙན་པོ་ལ། གཉའ་བཙན་དང་། རྒྱལ་མོ་འབྲུག་པ་ལ། རྒྱལ་འབྲུག།འབོ་གངས་དཀར་ལ། འབོ་གངས། རི་བོ་གངས་དཀར་ལ། རི་གངས་དཀར། ཤར་སྟོད་བཞག་བྲ་ལ། ཤར་བཞག།འབའ་ལི་ཐང་ལ། འབའ་ལི། ལྷ་སྒང་ཇོ་བོ་ལ། ལྷ་ཇོ་ཞེས་པ་ལྟ་བུ་སོགས་བརྗོད་ན་གོ་བ་ལོན་དཀའ་མོ་ཡིན་པས་བསྡུ་མི་རུང་བ་ཡིན་པའང་ཤེས་དགོས། རྣམ་དབྱེ་དང་པོ་དེ་སྔོན་ཆད་སྒྲའི་བསྡུ་བ་དྲུག་གི་དེའི་སྐྱེས་བུའི་བསྡུ་བ་ཞེས་པའི་ནང་དུ་བཞག་མེད་ཀྱང་ད་ཐེངས་ངས་གསར་དུ་ཁོ་བོས་གོང་བཤད་ལྟར་བསྣན་པ་ཡིན་ལགས།
(༢)རྣམ་དབྱེ་གཉིས་པ་བསྡུ་བ་ཇི་ལྟར་ཡིན་ཞེ་ན། གྲོང་དུ་འགྲོ་བ་ལ། གྲོང་འགྲོ་དང་། མཁའ་རུ་ལྡིང་བ་ལ། མཁའ་ལྡིང་། ལམ་དུ་འགྲོ་བ་ལ། ལམ་འགྲོ་ཞེས་པ་ལྟ་བུ། བསྡུ་མི་རུང་བའི་དཔེར། རྒྱལ་ཡུལ་དུ་འགྲོ་བ་ལ། རྒྱ་འགྲོ་དང་། ལྷ་ས་རུ་འགྲོ་བ་ལ། ལྷ་འགྲོ། ཁམས་ཕྱོགས་སུ་འགྲོ་བ་ལ། ཁམས་འགྲོ་ལྟ་བུ་རྣམ་དབྱེ་གཉིས་པ་བསྡུ་མི་རུང་།
(༣)རྣམ་དབྱེ་གསུམ་པ་བསྡུ་བ་ཇི་ལྟར་ཡིན་ཞེ་ན། གུས་པས་ཕུལ་བ་ལ། གུས་ཕུལ་དང་། ལག་པས་སྦྱིན་པ་ལ། ལག་སྦྱིན། རྐང་པས་འཐུང་པ་ལ། རྐང་འཐུང་། བྱམས་པས་སྐྱོང་པ་ལ། བྱམས་སྐྱོང་ཞེས་པ་ལྟ་བུ། ཕ་རོལ་གྱིས་རྒོལ་བ་ལ། ཕས་རྒོལ། ཕ་རོལ་ནས་ཕྱིན་པ་ལ། ཕས་ཕྱིན། བསྡུ་མི་རུང་བའི་དཔེར། རྟ་ཡིས་བསད་པ་ལ། རྟ་བསད་དང་། མདའ་ཡིས་བསད་པ་ལ། མདའ་བསད། ཁྱི་ཡིས་འཆའ་བ་ལ། ཁྱི་འཆའ། ཁས་འཐུང་བ་ལ། ཁ་འཐུང་དང་། སྣས་འཐུང་བ་ལ། སྣ་འཐུང་སོགས་བསྡུ་མི་རུང་།
(༤)རྣམ་དབྱེ་བཞི་པ་བསྡུ་བ་ཇི་ལྟར་ཡིན་ཞེ་ན། ལོ་ཡག་པའི་ཆེད་དུ་ཞིང་ལ་ཆུ་འདྲེན་པ་ལ། ཞིང་ཆུ་འདྲེན་དང་། གཞན་ལ་ཕན་ཆེད་དུ་བྱ་བ་བསྒྲུབ་པ་ལ། གཞན་ཕན་བསྒྲུབ་ལྟ་བུ། བསྡུ་མི་རུང་བའི་དཔེར། དགེ་རྒན་ལ་ཇ་དྲངས་པ་ལ། དགེན་ཇ་དྲངས་དང་། ཁང་པ་མཛེས་སླད་དུ་མཛེས་བཟོ་བྱེད་པ་ལ། ཁང་མཛེས་བཟོ་ཞེས་པ་ལྟ་བུ། བྱ་བ་ཡག་པོའི་ཆེད་དུ་ལས་ཀ་བསྒྲུབ་པ་ལ། བྱ་ལས་ཡག་བསྒྲུབ་ཅེས་པ་ལྟ་བུ་སོགས་བསྡུ་མི་རུང་།
(༥)རྣམ་དབྱེ་ལྔ་པ་བསྡུ་བ་ཇི་ལྟར་ཡིན་ཞེ་ན། ཆུ་ལས་སྐྱེས་པ་ལ། ཆུ་སྐྱེས་དང་། འདམ་ལས་སྐྱེས་པ་ལ། འདམ་སྐྱེས་ལྟ་བུ། བསྡུ་མི་རུང་བའི་དཔེར། མ་ལས་བུ་འབྱུང་བ་ལ། མ་བུ་འབྱུང་དང་། མགོ་ལས་སྐྲ་སྐྱེས་པ་ལ། མགོ་སྐྲ་སྐྱེས། ཞིང་ལས་ལོ་ཐོག་སྐྱེས་པ་ལ། ཞིང་ལོ་སྐྱེས། ཤ་ལས་ཁྲག་འབྱུང་བ་ལ། ཤ་ཁྲག་འབྱུང་ལྟ་བུ་སོགས་བསྡུ་མི་རུང་།
(༦)རྣམ་དབྱེ་དྲུག་པ་བསྡུ་བ་ཇི་ལྟར་ཡིན་ཞེ་ན། ལྕགས་ཀྱི་ཕོར་བ་ལ། ལྕགས་ཕོར་དང་། སྒ་སྐྱ་ལོའི་སྟོན་པ་རྒྱལ་མཚན་ལ། སྐྱ་ལོ་སྟོན་པ་རྒྱལ་མཚན། གྲོ་ལོའི་པད་དཀར་ལྷ་མཛེས་ལ། གྲོ་ལོ་པད་དཀར་ལྷ་མཛེས་ལྟ་བུ། དར་མདོའི་སློབ་འབྲིང་ལ། དར་མདོ་སློབ་འབྲིང་། རྒྱལ་པོའི་སྲས་ལ། རྒྱལ་སྲས། སྤྲང་པོའི་ཕྲུག་གུ་ལ། སྤྲང་ཕྲུག །སྤྲང་པོའི་རྟགས་ངན་བསྟན་པ་ལ། སྤྲང་རྟགས་བསྟན། མཛོ་ཡི་རྭ་ལ། མཛོ་རྭ་དང་། གཡག་གི་རྭ་ཅོ་ལ། གཡག་རྭ་ཞེས་པ་ལྟ་བུ་རེད། བསྡུ་མི་རུང་བའི་དཔེར། ཝ་ཡི་གྲ་ཁ་ལ། ཝ་གྲ་དང་། རྐང་པའི་སེན་མོ་ལ། རྐང་སེན། ལག་པའི་སེན་མོ་ལ། ལག་སེན། སྤྲང་པོའི་ཕྲུ་གུ་ལ། སྤྲང་སྲས། རྒྱལ་པོའི་སྲས་ལ། རྒྱལ་ཕྲུག །མགོ་ཡི་སྐྲ་ལ། མགོ་སྐྲ་ཞེས་པ་སོགས་མི་བསྡུ་མི་རུང་།
(༧)རྣམ་དབྱེ་བདུན་པ་བསྡུ་བ་ཇི་ལྟར་ཡིན་ཞེ་ན། ཁྱིམ་དུ་གནས་པའི་བྱ་ལ། ཁྱིམ་བྱ་དང་། སེམས་ལ་གནས་པ་ལ། སེམས་གནས། གློག་ལ་ཤུགས་ཡོད་པ་ལ། གློག་ཤུགས། མེ་ལ་འོད་ཡོད་པ་ལ། མེ་འོད་ཞེས་པ་ལྟ་བུ། བསྡུ་མི་རུང་བའི་དཔེར། ཁང་ཐོག་ཏུ་བྱ་ཡོད་པ་ལ། ཁང་བྱ་དང་། ཁང་ཞབས་སུ་མི་ཡོད་པ་ལ། ཁང་མི། བྱ་ལ་སྤུ་ཡོད་པ་ལ། བྱ་སྤུ། གཡག་ལ་རྭ་ཅོ་ཡོད་པ་ལ། གཡག་རྭ་ཅོ། ཁྱི་ལ་ཕོ་རྟགས་ཡོད་པ་ལ། ཁྱི་རྟགས་ཞེས་པ་ལྟ་བུ་སོགས་ནི་བསྡུ་མི་རུང་། དཔེར་ན། བྱ་སྤུ་དང་གཡག་རྭ། ཁྱི་རྟགས་ཞེས་པ་གསུམ་དེ་བྱའི་རྒྱབ་ལ་སྤུ་ཡོད་པར་མི་གོ་བར་རང་བཞིན་གྱི་བྱའི་སྤུ་ཙམ་དང་དེ་བཞིན་དུ་གཡག་རྭ་དང་ཁྱི་རྟགས་ཞེས་པའང་གཡག་རྒན་གྱི་རྭ་ཅོ་ཡིན་པ་དང་ཁྱི་རྒན་གྱི་ཕོ་རྟགས་ཡིན་པར་མི་གོ་བར་རང་ཁེར་གྱི་མིང་ཙམ་ལ་མ་གཏོགས་གོ་བ་གཞན་པ་ལེན་མི་ཐུབ་པས་རྗེས་སུ་འདི་འདྲའི་རིགས་ལ་གཟབ་འཚལ།
༥ ཟླས་དབྱེ་བའི་བསྡུ་བ། རྣམ་དབྱེ་སོགས་རིགས་མཐུན་དུ་མ་འཇུག་པ་བསྡུས་ནས་མཐར་རྣམ་དབྱེ་གཅིག་སྦྱར་བ། དཔེར་ན། ཕ་རྒན་མ་རྒན་དགེ་རྒན་ལ་ཕྱག་འཚལ། ཞེས་དང་། འབྲི་རྒན་གཡག་རྒན་མཛོ་རྒན་ལ་ཡང་གུས། ཞེས་པ་ལྟ་བུའོ།།
༦ མི་ཟད་པའི་བསྡུ་བ་ནི། ཚིག་སྔ་མར་མི་ཟད་པའི་སྡེ་ཚན་དུ་བཞག་པ་གང་རུང་ཅན་གྱི་བསྡུ་བ་ལ་མི་ཟད་པའམ་གྲངས་མེད་པའི་བསྡུ་བ་ཞེས་བརྗོད་དགོས་ཏེ། དཔེར་ན་མི་ཟད་པའི་སྡེར་བཤད་པ། པྲ་ཏི་སོགས་སྒྲའི་ཉེ་བསྒྱུར་རྣམས་དང་། སརྦ་སོགས་ཚིག་གྲོགས་ཡོད་པ། དཔེར་ན། སོ་སོར་རྟོག་པ་ལ་སོར་རྟོག་དང་། ཀུན་ལ་ཕན་པ་ལ་ཀུན་ཕན། གཞན་ལ་ཕན་པ་ལ་གཞན་ཕན་ལྟ་བུ་སོགས་བརྗོད་པ་ལྟ་བུ་ལ་གོ་དགོས་པ་རེད། སྡུད་ཚུལ་འདི་དག་ལེགས་སྦྱར་སྐད་ལ་ཡོད་ཀྱང་བོད་སྐད་ལ་ཇི་བཞིན་མི་ཐོན་པས་བོད་ཀྱི་མཁས་པ་འགས་ཚིག་སྡུད་ལྔ་ལས་དྲུག་མི་འདོད་ཟེར་མཁན་ཡང་ཡོད། ཁོ་བོས་ལྟ་ཚུལ་ལ་སོགས་ཁོངས་སུ་བསྡུ་བ་འདི་བཞག་ན་ཚིག་སྡུད་ལྔ་པོ་གང་ལའང་མི་འདུ་བས་སྐྱོན་ཆ་མེད་པར་མ་ཟད་བཟང་ཆའང་ཡོད་སྙམ། ཡང་དཔེར་ན། གཡག་རྒན་དང་། འབྲི་རྒན། མཛོ་རྒན། གླང་རྒན་བཅས་ཀྱིས་ངུར་སྐད་སྒྲོག་ཅེས་པའི་ཚིག་བསྡུས་ནས། གཡག་རྒན་སོགས་ཀྱིས་ངུར་སྒྲ་གྲགས་པ་རེད་ཅེས་བརྗོད་པ་ལ་ལྟ་བུ་གོ་ཆོག་པ་རེད་སྙམ། འདི་ཚང་མ་ལ་དཔྱད་གཞི་ཙམ་ཕུལ་བ་ཡིན་ལགས།
གསུམ་པ། སུམ་ཅུ་པའི་ཚིག་སྡུད་གཅེས་བཏུས་སྐོར།
1.འབྱེད་སྡུད་ལས་སྡུད་པའི་དཔེར། དབྱར་རམ། དགུན་ནམ། སྟོན་ནམ། དཔྱིད་བཅས་ནི་ལོ་གཅིག་གི་དུས་ཚིགས་བཞི་རེད་ལྟ་བུ།
2.ནས་སྒྲ་སྡུད་པ་ལ་འཇུག་ཚུལ་གྱི་དཔེར།(༡)ཡུལ་སྡུད་པ་ནི། ཇ་ནག་དར་རྩེ་མདོ་ནས་ཆབ་མདོའི་བར་ལྟ་བུ།(༢)དུས་སྡུད་པ་ནི། དུས་རབས་དང་པོ་ནས་གཉིས་པའི་བར་ལྟ་བུ།(༣) གྲངས་སྡུད་པ་ནི། གཅིག་ནས་བཅུའི་བར་ལྟ་བུ།(༤)དངོས་པོ་སྡུད་པ་ནི། མགོ་ནས་མཇུག་གི་བར་ལྟ་བུའོ།།
3.དང་སྒྲ་སྡུད་པ་འཇུག་ཚུལ། འཕྲུལ་རྟ་དང་། རླངས་འཁོར་དང་། ལྕགས་རྟ་བཅས་ནི་འཁོར་ལོའི་རིགས་རེད་ལྟ་བུ།
4.ཀྱང་ཡང་འང་གསུམ་སྡུད་ཚུལ་སྐོར། (༡)མཐུན་པར་སྡུད་ཚུལ། མི་འདི་སྙིང་རྗེ་ཆེ་ཡང་ལྷག་བསམ་དཀར་ལྟ་བུ་ནི་གཞི་མི་ཡི་སྟེང་དུ་མཐུན་པའི་ཆོས་གཉིས་སྡུད་པ་རེད། མི་མཐུན་པ་སྡུད་ཚུལ། མི་དེ་ལྷག་བསམ་དཀར་ཡང་ཁ་གཤིས་རྩུབ་ལྟ་བུ་ནི་གཞི་མིའི་ཐོག་ཏུ་མི་མཐུན་པའི་ཆོས་གཉིས་སྡུད་པ་ལྟ་བུ། (༢)ཁྱད་གཞི་དང་ཁྱད་ཆོས་སྡུད་ཚུལ་ནི། འདི་ནི་ཉ་ཤ་ཡིན་ལ་འཚོ་བཅུད་ཀྱང་བཟང་ངོ་ཞེས་པ་ལྟ་བུ་དང་། མི་དེ་མཁས་པའང་རེད་ལ་འཇམ་པོའང་ཡིན་ལྟ་བུ།(༣)རྒྱུ་དང་འབྲས་བུའི་བསྡུ་ཚུལ་ནི། མེའང་ཡོད་ལ་དུ་བའང་འཚུབ་ལྟ་བུ་དང་། རྩོམ་པ་པོའང་རེད་ལ་རྩོམ་ཡིག་ཀྱང་མང་ལྟ་བུའོ། ། ཞེས་པ་འདི་ནི་ཁོ་བོས་སུམ་ཅུ་པ་བཤད་སྐབས་ཞོར་དུ་འབྱེད་སྡུད་དང་ནས་སྒྲ། དང་སྒྲ། རྒྱན་སྡུད་བཅས་ཕྱོགས་གཅིག་ཏུ་བཏུས་ནས་རྩོམ་ཡིག་ཉུང་ཉུང་ཞིག་བྲིས་པ་ཡིན་ལགས། ཚིག་སྡུད་ཀྱི་རྩ་ཚིག། སྡུད་ཚུལ་རྣམ་དབྱེ་ཕྲད་སོགས་བསྡུ་བ་དྲུག །གྲངས་མེད་པ་དང་འབྲུ་མང་དེའི་སྐྱེས་བུ། །ཟླས་དབྱེ་ཞེས་བྱ་ཚིག་སྡུད་རྣམ་པ་དྲུག །ཅེས་པ་འདིའང་བློ་ལ་ལེན་ཐུབ་ན་བཟང་ངོ་། །
བཞི་པ། ཚིག་སྡུད་ཀྱི་མཐའ་དཔྱད་ལ་ལྟ་ཚུལ་བརྗོད་པ།
༡ ཚིག་སྡུད་ཀྱི་སྤྱིའི་གནས་ཚུལ་བཤད་པ་ལས་འཛིན་གྱི་བསྡུ་བ་ཞེས་པའི་སྐབས་ཀྱི་ལས་འཛིན་ནི། གཞིར་འཛིན་གྱི་དོན་ཏེ། ལས་ཞེས་པ་གཞི་ལ་གོ་ཞིང་། ཁྱད་གཞི་དང་ཁྱད་ཆོས་གཉིས་ཀ་གཞི་གཅིག་གི་སྟེང་དུ་འཛིན་རུང་བའམ་བསྡུ་རུང་བས་དེ་སྐད་བརྗོད་པ་ཡིན། བ་གཉིས་པའི་བསྡུ་བ་ཞེས་པའི་བ་གཉིས་པ་ནི། མཚན་གཞི་བྱེ་བྲག་པ་དཔེའི་མིང་མཚོན་བྱ་སྤྱི་ལ་བཏགས་པར་འདྲ་སྟེ། བཅོམ་ལྡན་རིག་རལ་གྱིས། བ་ཡང་ཡིན་ལ་གཉིས་ཀྱང་ཡིན་པ་བསྡུས་ནས་བ་གཉིས་ཞེས་གསུངས་པ་ལྟ་བུ་དང་། འབྲུ་མང་པོའི་བསྡུ་བ་ཞེས་པའི་འབྲུ་མང་པོ་ནི། ཡིག་འབྲུའམ་ཚིག་འབྲུ་མང་བ་ལའོ།།དེའི་སྐྱེས་བུའི་བསྡུ་བ་ཞེས་པའི་སྐྱེས་བུ་ནི། ཕྲད་རྣམ་དབྱེ་ལ་གོ་ཞིང་། དཔེའི་སྒོ་ནས་བཏགས་པ་ཡིན། དཔེ་དོན་ཇི་ལྟར་མཚུངས་ཤེ་ན། དོན་སྒྲུབ་ནུས་པ་སྐྱེས་བུའི་མཚན་ཉིད་ཡིན་ཞིང་སྐྱེས་བུས་དོན་སྒྲུབ་ནུས་པ་བཞིན་ཕྲད་རྣམ་དབྱེ་སོགས་ཀྱིས་ཚིག་འགྲུབ་པའི་རྐྱེན་དང་ཆོས་སོ་སོར་འབྱེད་པའི་ནུས་པ་འདོན་པའི་ཕྱིར་རོ། །ཟླས་དབྱེ་བའི་བསྡུ་བ་ཞེས་པ་ནི། ཟླ་བོའམ་ཟླ་གྲོགས་ཕྲད་སོགས་མིང་གང་ཡང་རུང་བ་དེས་རང་དང་རིགས་མཚུངས་པའི་དབྱེ་བ་སོགས་བསྡུ་བས་ཟླས་དབྱེ་བའི་བསྡུ་བ་ཟེར། སྐབས་འདིའི་ཟླས་དབྱེ་བ་ནི་བྱ་ཚིག་གི་དོན་མིན་པར་ཟླ་བོའི་དབྱེ་བ་དག་ལ་གོ་དགོས། དེས་ན་ཟླས་ཀྱི་བྱེད་སྒྲ་ལ་གོ་བ་ཇི་ལྟར་ལེན་དགོས་ཤེ་ན། ཟླ་བོས་ཟླ་བོའི་དབྱེ་བ་དག་བསྡུ་བ་ཞེས་པའི་དོན་ཡིན། མི་ཟད་པའི་བསྡུ་བ་ཞེས་པའི་མི་ཟད་པ་ནི། གྲངས་མེད་པ་དང་དོན་གཅིག་པ་ཡིན། སྐབས་འདིའི་སྡུད་བྱེད་ཀྱི་སོགས་ཞེས་པ་ནི་གྲངས་མ་ངེས་པའི་ཚིག་ཡིན་ཕྱིར་སོགས་ཁོངས་སུ་མི་ཟད་པའམ་གྲངས་མེད་པ་བསྡུ་རུང་བས་དེ་ལྟར་བཏགས་ན་དོན་ལའང་འབྱོར་བ་རེད་སྙམ། དེ་འདྲ་ཡིན་མིན་མཐའ་གཅིག་ཏུ་ཁོ་བོས་ཐག་མི་ཆོད་པས་བརྡ་སྤྲོད་ལ་ཆེད་མཁས་པ་ཚོས་དཔྱད་རོགས་གནང་།
༢ བྱེ་བྲག་ཏུ་ཚིག་སྡུད་ལ་རྙོག་དྲ་སློང་མི་ཉན་ཚུལ།དེ་ཡང་བོད་འབྲེལ་ས་ཁུལ་ཏུ་མཐུན་སྒྲིལ་བྱ་རྒྱུ་གལ་ཆེན་པོ་ཞིག་རེད་སྙམ། དཔེར་ན། བརྡ་སྤྲོད་རིག་པའི་ཚིག་སྡུད་དང་འབྲེལ་ཡོད་ཀྱི་རྣམ་དབྱེ་དང་པོའི་སྐབས་སུ་འགལ་ཟླ་ཆེན་པོ་ཞིག་ཡོད་པ། དཔེར་ན། དགེ་རྒན་ཞེས་པའི་བསྡུས་མིང་ལ་དགེན་དང་རྒན་ཞེས་སྤྱིར་གང་བྲིས་ན་ཆོག་ཀྱང་། དེ་འདྲ་མི་བཤད་པར་ཞལ་ངོ་མདོག་འགྱུར་ནས་མཁས་པ་མང་པོ་ཞིག་གིས་རྩོད་རྙོག་སློང་རྒྱུར་དཀའ་ངལ་སྤུ་ཙམ་མེད་པ་ལྟ་བུ་དང་། དེ་བཞིན་དུ་རྣམ་དབྱེ་བཞི་པ་དགོས་ཆེད་ཀྱི་དཔེར་བརྗོད་དང་། དྲུག་པ་འབྲེལ་སྒྲ་བསྡུ་ཚུལ། རྟགས་འཇུག་གི་སྐབས་སུ་སི་ཏུའི་ལུགས་དང་པྲ་ཏིའི་ལུགས་གཉིས་ཀྱི་ཕོ་མོ་མ་ནིང་དབྱེ་ཚུལ་སྤྱིར་གང་ཡིན་ན་ཆོག་ཀྱང་དེ་འདྲ་མི་བཤད་པར་རྩོད་རྙོག་སློང་མཁན་ཤིན་ཏུ་མང་། གཞན་ཡང་ཆོས་ལུགས་སོ་སོ་ལ་ཆ་མཚོན་ནས་བཤད་ན་ནང་པ་སངས་རྒྱས་པའི་ཆོས་ལ་དབྱེ་ན་སྒྲུབ་རྒྱུད་ཀྱི་ཤིང་རྟ་ཆེན་པོ་བརྒྱད་དང་ཆུང་བ་བཞི་བཅས་ཁྱོན་ཆོས་རྒྱུད༡༢དང་དེའི་སྟེང་དུ་གཡུང་དྲུང་བོན་བསྣན་ན་ཆོས་རྒྱུད་དམ་གྲུབ་མཐའ༡༣གྱི་བར་ལ་མི་མཐུན་པ་མང་པོ་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་ལགས། ཇི་སྐད་དུ། ས་ཁུལ་ཕྱོགས་འཐེན་གྲུབ་མཐའི་ཆགས་སྡང་སོགས། །འགོང་པོའི་ནད་ཀྱིས་རང་རིགས་ད་བར་མནར། །དོན་མེད་འཁྲུག་རྩོད་སྨྱོན་པའི་ལས་འདི་དག །དུག་ཏུ་བཟུང་སྟེ་རིང་དུ་སྤང་ན་ལེགས། །ཞེས་པ་དང་། ནང་འགལ་གྱི་རྙོག་དྲྭ་ཆེན་པོ་བཞི་ནི།
༡ རྣམ་དབྱེ་དང་པོའི་མིང་གི་སྐབས་འགལ་ཟླ་བྱུང་བ། དཔེར་ན། གོང་བཤད་མདོར་བསྡུས་ཏེ་བཤད་ན། དགེ་རྒན་ཞེས་པ་ལ། དགེན་དང་རྒན་ཟེར་དགོས་པའི་རྙོག་དྲ་དང་། ༢ རྣམ་དབྱེ་བཞི་པ་དང་རྣམ་དབྱེ་དྲུག་པའི་རྙོག་དྲ། ༣ རྟགས་འཇུག་གི་ཕོ་མོ་དབྱེ་ཚུལ་མི་འདྲ་བ་ལུགས་གཉིས་ཀྱི་རྙོག་དྲ། ༤ ཆོས་ལུགས་ཀྱི་གྲུབ་མཐའ་བར་གྱི་རྙོག་དྲའི་སྐོར་ལ་དཔྱད་པ་རེ་གཏང་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་རེད་སྙམ།དེ་ཡག་པོ་ཞིག་རེད་སོང་ན་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་རྒྱུ་ལའང་ཤིན་ཏུ་དགོས་མཁོ་ཆེན་པོ་ཡོད་པར་མ་ཟད། མི་རིགས་ནང་ཁུལ་དང་མི་རིགས་གཞན་ལ་མཐུན་སྒྲིལ་བྱེད་རྒྱུ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་རེད་རྒྱུ་ལའང་ཕན་ཐོགས་རྒྱ་ཆེན་པོ་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད།
ལྔ་པ། ཚིག་སྡུད་ཀྱི་དགོས་མཁོ་ཡོད་སའི་སྐོར།
བོད་ཀྱི་རིགས་གཞུང་དང་འབྲེལ་བའི་གཙུག་ལག་གི་བསྟན་བཅོས་ཚིགས་སུ་བཅད་པ་དང་ལྷུག་པའི་སྡེ་ཚན་གང་ལ་ཡང་། དགོས་པའི་དབང་གིས་རྣམ་དབྱེ་དང་ཚིག་ཕྲད་སོགས་མཚམས་སྦྱོར་མང་པོའམ་ཅུང་ཟད་བསྡུས་པར་གྱུར་པ་ཡོད་ནའང་། གཞན་ལ་འཆད་པ་སོགས་ཀྱི་ཚེ། འཆད་པ་པོས་འཆད་བདེ་བ་དང་། ཉན་པ་པོའི་རྣ་བར་སྙན་ཞིང་དོན་ལ་གོ་བ་ལེན་བདེ་བའི་དགོས་པ་ཁྱད་པར་ཅན་ཡོད་ཅིང་། ཇི་སྐད་དུ། ཚིགས་སུ་བཅད་པའི་སྦྱོར་བ་རྣམས། །ཅུང་ཟད་བསྡུས་པ་ཡོད་ན་ཡང་། །དེ་ནི་དེ་བཞིན་སྦྱོར་བར་བྱ། །ཞེས་གསུངས་པ་ལྟར། གོང་གི་སྒྲའི་བསྡུ་ཚུལ་རྣམས་ཡག་པོ་ཞིག་ཤེས་སོང་ན་རང་རང་གིས་འཆད་རྩོད་རྩོམ་གསུམ་གང་འདྲ་ཞིག་ལ་འབད་བརྩོན་ཆེ་འབྲིང་ཆུང་གསུམ་ཅི་འདྲ་ཞིག་བྱས་རུང་། འབྲས་བུ་དེ་འདྲ་རེ་ཐོབ་པ་ནི་བཤད་མ་དགོས་པ་ཡིན་པས་དེ་ལུགས་མཛད་རོགས་ཞུ།
དྲུག་པ། ཚིག་སྡུད་མ་ཤེས་པའི་ཉེས་དམིགས་བཤད་པ།
དེ་ལ་ཚོགས་གསུམ་གྱི་ཡ་གྱལ་དུ་ཚིག་གི་ཚོགས་ཡང་དག་པར་ཤེས་པའི་ཆེད་དུ་ཚིག་སྡུད་དང་། ཚིག་ཕྲད་སོགས་ངེས་པར་ཤེས་དགོས། དེ་རྣམས་ཡག་པོ་ཞིག་ཤེས་ན་ཚིག་གི་སྦྱོར་བ་བྱེད་སྟངས་སྟབས་བདེ་ལ་གོ་སླ་བ་ཞིག་འོང་བ་ཡིན་པར་མ་ཟད། གཞན་གྱིས་བརྩམས་པའི་བསྟན་བཅོས་སོགས་ཀྱི་དགོངས་དོན་ཕྱིན་ཅི་མ་ལོག་པར་རང་གིས་ཤེས་པ་དང་། གཞན་ལ་འཆད་པ་དང་རྩོམ་པ་བཅས་ལ་ཆགས་ཐོགས་མེད་པར་འགྱུར་རྒྱུ་རེད། གལ་སྲིད་དེ་ལས་ལྡོག་སྟེ་ཚིག་སྡུད་སོགས་མ་ཤེས་ན། དོན་གོ་ལོག་ཏུ་འགྱུར་རྒྱུའི་ཉེན་ཁ་ཆེན་པོ་ཡོད། དཔེར་ན། ཆུ་ལས་ཐོན་པའི་ཤིང་གི་མེ་ལ་ཆུ་མེ་དང་། རྒྱ་གར་དུ་འགྲོ་བ་ལ་རྒྱ་འགྲོ་དང་། ཡིད་བཞིན་གྱི་ནོར་བུ་ལ་ཡིད་ནོར། ཤིན་ཏུ་བཟང་པོ་ལ་ཤིན་བཟང་། ཧ་ཅང་དགའ་བ་ལ་ཧ་དགའ་ལྟ་བུ་སོགས་ཉེས་པའམ་སྐྱོན་ཆ་ཆེན་པོ་འབྱུང་ངེས་ཡིན་པས། དེ་དག་ནི་ཚིག་སྡུད་བྱེད་མི་ཉན་པའི་རིགས་ཡིན་པའང་ཤེས་པར་བྱ་དགོས་སོ།།
དཔྱད་གཞིའི་ཡིག་ཆ།
ཞེ་ཆེན་རྒྱལ་ཚབ་པདྨ་འགྱུར་མེད་རྣམ་རྒྱལ་གྱིས་མཛད་པའི་《ཡི་གེའི་བརྡ་དག་གསལ་བར་སྟོན་པའི་བསྟན་བཅོས་བློ་གསལ་མགུལ་རྒྱན།》 སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོགས་ཆེན་བོད་ཡིག་སློབ་གྲྭས་སྤྱི་ལོ༡༩༨༢ལོར་པར་བསྐྲུན་བྱས།
མཛོད་དགེ་ཉི་མའི་གསུང་འབུམ་གྱི་《པོད་བཞི་པ།》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ༢༠༡༧ལོའི་ཟླ༣པར་དཔེ་བསྐྲུན་བྱས།
འབྲས་ཚལ་མཁས་པ་བསྟན་པ་རབ་རྒྱས་ཀྱིས་མཛད་པའི་《གངས་ཅན་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་རྣམ་བཤད་ཐོན་མི་དགྱེས་པའི་མཆོད་སྤྲིན།》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ༢༠༢༤ལོའི་ཟླ༧པར་དཔེ་བསྐྲུན་བྱས།
ཨ་ཚོགས་དང་རིག་འཛིན་བསྟན་སྲུང་གཉིས་ཀྱིས་བརྩམས་པའི་《གངས་ཅན་པའི་སྒྲ་རིག་པ།》ཡུན་ནན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ༢༠༡༢ལོའི་ཟླ༧པའི་ནང་དུ་དཔེ་བསྐྲུན་བྱས་པ་སོགས་ནི་དེབ་འདིའི་དཔྱད་གཞིའི་ཡིག་ཆ་ཚད་ལྡན་དག་ཡིན་པར་སེམས་སོ།།