༡
དད་གསུམ་ཟ་མ་ཏོག་གི་སྣོད། །
ངག་རིག་འོ་མའི་མཚོ་མོ་སྐྱིལ། །
ཕུལ་ཕྱིན་དབྱངས་བདུན་རྫོགས་པའི་མར། །
དགེ་ལེགས་མཆོད་པའི་བསྟར་ཕྲེང་བཤམས། །
༢
མཛེས་སོ་སོ་དཀར་ཆུ་སྐྱེས་ཚལ། །
བརྒྱད་གཉིས་སྟོང་ཉིད་གླུར་འགུགས་པའི། །
སྙན་དབྱངས་གེ་སར་དཔལ་དུད་ཅན། །
ལྗགས་ཀྱི་རྐང་དྲུག་སྟངས་སྟབས་རོལ། །
༣
དཀར་གསལ་མ་འདྲེས་གཟི་མིག་སྤྱན། །
དུས་གསུམ་སྐྱེ་འགྲོར་བྱམས་པའི་ངང་། །
གཟིམ་མེད་གནས་པའི་དཔེ་འཇོ་ཉིད། །
བཙལ་བས་མ་རེག་ངལ་བས་དུབ། །
༤
ཚོགས་གཉིས་ཀུན་གསལ་ཡངས་པའི་མཐོངས།།
རབ་མཛེས་བཞིན་བཟང་རྒྱ་མཚོ་སྐྱེས། །
བགྲང་ཡས་དད་འདུན་ཀུ་མུད་གཉེན། །
འདབ་མ་འབུམ་ཚོ་གྲོལ་བའི་མཆོག །
༥
ཉི་ཟླ་ཡོ་ལང་འཛུམ་པའི་དཀྱིལ། །
མ་ཁྱེད་བཞིན་དཀར་ཟེགས་མའི་ཆས། །
ཉིན་བྱེད་འབར་བའི་རིག་སྟོང་དབྱིངས། །
སྐར་ཕྲན་ཟོལ་གྱི་མོག་པོར་བཏང་། །
༦
མཁྱེན་གཏེར་གསེར་ལྡན་དགའ་མའི་ཕང་། །
ཀུན་རྟོག་སྨིག་རྒྱུའི་ཞགས་པའི་ཕྲེང་། །
ཐབས་ཤེས་བསིལ་མ་རླུང་འགྲོས་ཀྱིས། །
རྒྱང་དུ་བདས་པའི་འཕྲིན་ལས་རྫོགས། །
༧
མ་རིག་བ་ཚྭའི་ཆུ་ཐིགས་ཀྱིས། །
དར་འཇམ་གོས་བཟང་མ་བངས་པར། །
བཻ་སྔོན་ཞུན་མར་མཚོ་བསྐྱིལ་ཀློང་། །
ངང་པའི་བུ་མོ་མཚན་གྱིས་གསོས། །
༨
དེ་ཚེ་ཚངས་ཆེན་ལྷ་དབང་གིས། །
བཞིན་བཟང་པད་མའི་ཚལ་ཆེན་དུ། །
སྤྱན་རིས་ར་ཡིག་གཉིས་པའི་ཁྱུ། །
མ་བོས་དལ་གྱིས་མགྲོན་དུ་འཁྱོལ། །
༩
གསར་རིག་སྟོང་པའི་འཇའ་སྤྲིན་སྤུན། །
མཚོ་མཐར་མཛེས་བྱེད་བྲེས་པའི་ཚུལ། །
སྐབས་གསུམ་ཁྲུས་ཀྱི་རྫིང་བུ་ཡི། །
མཛེས་དགུའི་འདི་ཀོར་འཕོས་ལྟར་རོ། །
༡༠
སྣ་ཚོགས་འདབ་ལྡན་ཡོ་ལང་གིས། །
མགྲིན་བཟང་རྫ་རྔ་བརྡུངས་པ་ལས། །
བྱུང་བའི་སྙན་འཇེབས་སྒྲ་དབྱངས་འབུམ། །
དབྱངས་ཅན་རིག་བྱེད་དབང་མོར་མཆོད། །
༡༡
དྭངས་བསིལ་སྤོས་དྲི་འཐུལ་བའི་མཚོར། །
ཞབས་སྐྱེས་ལྔ་ཟུང་འཁོད་པའི་ཤུལ། །
དྲི་མེད་དྲི་བྲལ་གཟུགས་སྐུ་ཟླ། །
སྐལ་བཟང་བསོད་ནམས་སྤྱན་དུ་འཕོས། །
༡༢
དབུ་སྐྱེས་ལོ་མ་འབུས་པའི་སྟེང་། །
ཟླ་ཕྱེད་འཛུམ་པའི་རླབས་ཕྲེང་གིས། །
སྲིད་གསུམ་མཛེས་པའི་ཕུལ་ཕྱིན་པའི། །
མེ་ཏོག་ཚོམ་བུ་ལྷུག་པར་དགོད། །
༡༣
སྣུམ་ཚོམ་རི་མོའི་མཛེས་སྨིན་དཔྱིད། །
སྨིན་མ་བསོད་ནམས་པིར་གྱིས་བྲིས། །
འདོད་ཞེན་བུད་ཤིང་སྐམ་པོའི་ལྷས། །
ཟུར་མིག་མདའ་དབལ་སྣུད་པར་བྲེལ། །
༡༤
འོད་ཀྱི་ཟེར་མ་བྲན་པ་ཡི། །
རྫི་མ་ནགས་མའི་འཛིངས་པའི་ཚལ། །
རི་དྭགས་སྐྲག་གཤིས་གཡོ་བའི་སྤྱན། །
རྗེས་ཆགས་གོམ་པའི་རྩལ་རྫོགས་མ། །
༡༥
པད་མ་རཱ་གའི་མདངས་འཕོས་པའི། །
བིམ་པའི་མཆུ་སྒྲོས་ལེགས་སྨིན་པ། །
ཡོམ་ཡོམ་འགུལ་བའི་ཆོ་འཕྲུལ་གྱིས། །
འདྲེན་བྱེད་བྱེ་བའི་འཁོར་དུ་བསྡུས། །
༡༦
མགུལ་བ་ཙན་དན་ལྗོན་པའི་ཤིང་། །
སྣ་བརྒྱའི་རིན་ཅེན་ཡག་འདབ་གྲོལ། །
བརྗོད་འདས་མཛེས་ཕུལ་དཔལ་ཡོན་ནི། །
མ་ལུས་སྨྲ་བར་ཐུབ་མཆོག་ངལ། །
༡༧
སེན་དཀར་བ་སོའི་ཕྲེང་མཛེས་ལྟོངས། །
སྣང་སྲིད་ཟླ་བའི་འོད་འཁྱུག་པས། །
ཞིམ་མངར་འོ་མའི་དཀར་མདངས་གཤིས། །
སྐྱེངས་པའི་ཟོལ་གྱིས་དམན་སར་ལྷུང་། །
༡༨
ལྗགས་རྩལ་གློག་ཕྲེང་རྒོད་པའི་ཤུལ། །
ལེགས་བཤད་སྤྲིན་གྱི་མེ་ཏོག་འབུམ། །
སྐལ་བཟང་གདུལ་བྱའི་སྙན་གྱི་ཚལ། །
ལེགས་བྱས་དགའ་སྟོན་ཅི་དགར་སྩོལ། །
༡༩
སྨྲ་སྒོ་པད་མའི་རྫིང་བུའི་དཀྱིལ། །
དྲུག་འགྱུར་མགུལ་བར་ལེགས་འཁྲིལ་བའི། །
རོ་འཛིན་འཇོལ་མའི་རྩེད་དགར་རོལ། །
འཁོར་འདས་གླུ་བའི་མཚན་སྙན་བརྐུས། །
༢༠
ལས་ཉོན་སྤྲིན་ནག་འཐབ་པའི་མཁར། །
མི་འདོད་སྡུག་བསྔལ་སྤེལ་བའི་ཆར། །
རྟེན་བཟང་ལང་ཚོ་འཇོམས་བྲེལ་དུས། །
མ་ཁྱེད་ཐུགས་རྗེ་བསིལ་རླུང་རེ། །
༢༡
མཆོད་པའི་ཚིག་གི་བྱ་མ་རྟ། །
དད་སེམས་གངས་ཀྱི་འདབས་རོལ་ནས། །
ངག་རིག་ཟླ་བའི་ཐོད་བཅིངས་པའི། །
དབྱངས་ཅན་ལས་སྐལ་ལྷ་མོར་བཏང་། །
༼ དབྱངས་ལྡེའུ། ༽