国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཕྲ་ཚོམ་མེ་ཏོག་རང་བབ།

འཆར་ཡན་ངག་གི་གླུ་དབྱངས་གང་དུ་སྒྲོག། །

བརྩེ་སེམས་ལས་ཀྱི་ཀུ་མུད་གང་ལ་འཛུམ། །

ས་གཞིར་མེ་ཏོག་སྐྱེས་པའི་ལམ་འགྲམ་ནས། །

ཁོ་བོའི་སྙིང་ལ་སྡུག་པའི་རོགས་ཤིག་མཐོང་། །

ཁྱོད་ཀྱི་བཟོ་ལྟ་ལྷ་ཡི་ཚལ་དུ་འཁྲུངས། །

བདག་གི་ཡིད་སེམས་དབང་མེད་བརྐུས་ཏེ་སོང་། །

ད་དུང་མཇལ་འཛོམས་ཐེངས་ཤིག་ཡོད་པ་ན། །

ཁྱོད་ལ་དགའ་ཞེས་ལབ་ནོ་ཁོ་ཐག་ཡིན། །

དང་ཐོག་འཕྲད་དུས་ཅུང་ཙམ་དོགས་པ་འདུག །

བསྟུན་མར་ལབ་གླེང་བྱེད་ཕོད་མ་བྱུང་ཐ། །

ཡིན་ཡང་ཁྱོད་ཀྱི་ཟུར་མིག་ངར་ཕྱོགས་པས། །

ཁོ་བོའི་ཡིད་སེམས་གཏིང་ནས་ཚིམས་ཏེ་ཡོད། །

ཁྱོད་ནི་ལན་གཅིག་མཐོང་བའི་ཡིད་སེམས་ལ། །

དགའ་དང་བརྩེ་བའི་དྲོད་ཁུལ་འཛུམ་ལུགས་ཀྱིས། །

མ་འོངས་འཁོར་བའི་ཐང་ནས་འུ་གཉིས་ལ། །

ལས་ཀྱི་བསྐལ་བ་ལྡན་ནོ་ཁོ་ཐག་རེད། །

ཕན་ཚུན་ཆ་རྒྱུས་ཏིལ་ཙམ་མེད་ན་ཡང་། །

སོ་སོར་ཟུར་མིག་འཕེན་པ་ཅིའི་ཕྱིར་ལགས། །

དེ་ནི་ལམ་ཐུག་བྱུང་བའི་མི་དེ་ལ། །

བརྩེ་བའི་སྡོང་ལོ་འཁྲུངས་པའི་སྔ་ལྟས་སམ། །

ངག་རིག་ཚིག་གི་སྒྱུ་རྩལ་དབེན་ན་ཡང་། །

དོན་ཟབ་གནད་ཀྱི་བརྗོད་བྱ་སྟོན་ནུས་པའི། །

བདག་གི་འགྱུར་ཁུག་དཔྱིད་ཀྱི་གླུ་དབྱངས་འདི། །

ཁྱོད་རང་དགྱེས་པའི་གསོས་སུ་སྨིན་པར་ཤོག །

ཀུ་རེ་ཚིག་གི་གཏམ་གླེང་བྱས་པ་མིན། །

ཨ་རོགས་སྙིང་སྡུག་སྤྲིངས་པའི་ཕོ་ཉ་ཡིན། །

རྒྱང་བཞུད་ཁྲུང་ཁྲུང་དཀར་མོ་ཁྱེད་རང་གིས། །

ང་ལ་ལན་ཅིག་ཕྱི་མིག་བལྟ་རོགས་གྱིས། །

དགའ་བདེའི་མེ་ཏོག་སེར་ཆེན་འཁྲུངས་ཏེ་སོང་། །

བརྩེ་བའི་ཁྲེལ་གཞུང་མི་འགྱུར་དམ་བཅའ་བརྟན། །

ཨ་རོགས་ན་ཆུང་ཟུར་མདའ་འཕེན་པའི་མི། །

ད་དུང་མཇལ་འཛོམས་ཡོང་བར་རེ་སྨོན་ཡོད། །

༼ ཁམས་ཟླ་སྲས། ༽