དེང་གི་དུས་ནི།ཚན་རྩལ་གྱི་འཕེལ་རྒྱས་རླབས་ལྟར་རྩེན་ཞིང་། གསོ་རིག་གི་འཕེལ་ཤེད་གློག་ལྟར་རྒོད་པ། དཔལ་འབྱོར་གྱི་འཕེལ་སྟོབས་རླུང་ལྟར་དྲག་པའི་དུས་ཡིན་པས། ང་རང་ཡོད་ས་འདིའི་མི་རྣམས་ཀྱིས་གཅིག་རྗེས་གཅིག་གིས་མ་ཆོད་པར་རྗེས་ལུས་ཀྱི་ལྕགས་སྒྲོག་དོར་པ་དང་། རྙིང་ཞེན་གྱི་དུག་ཆུ་བྱོ་པ། རྨོངས་དད་ཀྱི་ཞྭ་མོ་ཕུད་པ་སྟེ་དོར་བྱོ་ཕུད་གསུམ་གྱི་རྟགས་དང་མཚན་མ་སྣ་ཚོགས་བསྟན་དང་སྟོན་པར་བྲེལ།
ང་ཡང་རུ་དཔུང་དེའི་ཁྲོད་དུ་འཚང་ཅི་ཐུབ་བྱས་ཡོད་དེ། ཆུང་མ་གུད་དུ་བཞག་སྟེ་ཞིང་གྲོང་ནས་གྲོང་ཁྱེར་དུ་ཕྱིན་ཅིང་། ཕ་ཡུལ་རྒྱབ་ཏུ་བསྐྱུར་ཏེ་མཐོ་སྒང་ནས་ནང་ལོགས་སུ་རྒྱུག་པ་སོགས་ཀྱི་ཐབས་དུ་མ་ལ་བརྟེན་ཏེ་སྒོར་མོ་གསོག་འཇོག་བྱེད་པའི་ཕུགས་འདུན་ཐོག་མ་དང་། འཚོ་ཚིས་ཁག་ཐེག་བྱེད་པའི་ཕུགས་འདུན་བར་མ། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཕུགས་འདུན་ཐ་མ་སྟེ་འཕྲལ་གྱི་ཕུགས་འདུན་རྣམ་གསུམ་མངོན་འགྱུར་བྱུང་རྗེས། གཞི་ནས་གཏན་གྱི་འདུན་མ་ཟུང་སྟེ། ཕ་ཡུལ་དུ་ཤིང་ཁང་གསར་བཞེངས་དང་གྲོང་ཁྱེར་དུ་རྡོ་ཁང་གསར་བླུའི་དམིགས་བྱ་དང་ཡང་གོམ་གང་ཉེ་རུ་ཕྱིན་པ་རེད། དེ་མིན་ཡུལ་ཚོ་འདིའི་དུད་ཁྱིམ་གང་ལ་མཚོན་རུང་། སྔ་མོ་ནས་འཕྲལ་གྱི་ཕུགས་འདུན་རྣམ་གསུམ་མངོན་འགྱུར་བྱུང་ཡོད་པར་མ་ཟད། ད་དུང་གཏན་གྱི་འདུན་མ་ཟུང་ཡང་མངོན་འགྱུར་བྱུང་ཡོད་ལ། ཐ་ན་ཕལ་མོ་ཆེའི་འཚོ་བའི་ཆུ་ཚད་ནི་དངོས་གནས་དྲང་གནས་ཟས་རང་འགྲུབ་གོས་རང་འགྲུབ་ཀྱི་ཚད་ལ་བསླེབས་ཡོད་པས། ཀུན་གྱིས་ང་རང་ལུང་པ་ནང་གི་ཁ་བྱང་ལྟ་ཅན་དང་། མཛེས་མ་གྲལ་གྱི་ལུས་དྲི་མ་ཅན། སྟག་ཤར་དཔུང་གི་སེམས་སྡེར་གཤིས་ཅན་དུ་དཔེ་འཇོག་བྱེད།
མཇུག་ཏུ། ངས་ཡར་དཀོན་མཆོག་ལ་མཆོད་པ་དང་ཕྱག་ཕུལ་ཅིང་། མར་སློང་མོ་ལ་གནང་སྦྱིན་དང་ཟས་ཕུལ་མཐར།ཆུང་མ་ཁྲིད་དེ་ནང་ལོགས་ལ་རུས་སྐུམ་གཤགས་བཅོས་བྱེད་དུ་ཆས།
གསར་འགྱུར་ལས་ཤེས་རྟོགས་བྱུང་བ་ལྟར་ན། ཕྱི་རྒྱལ་དུ་གཤགས་བཅོས་འདི་ལེགས་འགྲུབ་བྱུང་ནས་ལོ་གང་མང་ཕྱིན་ཡོད་པ་དང་། ཉེ་ཆར་རང་རྒྱལ་གྱི་ནང་ལོགས་སུའང་ཚོད་ལྟའི་ཚུལ་དུ་རུས་སྐུམ་གཤགས་བཅོས་བྱས་དང་བྱེད་ཀྱིན་འདུག་ཅིང་། དང་བླངས་ཀྱིས་གཤགས་བཅོས་བྱེད་དུ་བཅུག་ན་གླ་ཕྱེད་ཀ་ལས་མི་དགོས་ཟེར་བས། ངེད་བཟའ་ཟླ་གཉིས་ཀྱིས་ཀྱང་དབྱར་དགུན་མེད་པར་ཁྲག་གསོག་རྣག་གསོག་བྱས་པ་ཙམ་ལས་ནངས་དགོང་མེད་པར་ཁབ་གསོག་འབིག་གསོག་བྱས་པའི་སྒོར་མོ་རྣམས་སྤྱོད་མ་དགོས་པར་རུས་སྐུམ་གཤགས་བཅོས་བྱེད་ཐུབ་སོང་།
བློ་ཡིད་ལས་འདས་པ་ཞིག་ནི། དུས་ཡུན་ཐུང་ངུའི་ནང་དུ་ངའི་འཕྲལ་གྱི་ཕུགས་འདུན་རྣམ་གསུམ་གྱི་སྡོང་པོ་གང་དེར་འབྲས་བུ་གཡུར་དུ་ཟ་བ་སྨིན་ཞིང་། གཏན་གྱི་འདུན་མ་ཟུང་གི་རྣང་ཞིང་གང་དེར་ཡང་ལོ་ལེགས་ཆེན་པོ་བྱུང་བ་དང་། ཐ་ན་ངེད་ཚང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསླེབས་ཏེ་རུས་སྐུམ་སྡེ་པའི་ཕྱུག་བདག་ཏུ་གྱུར་ཏོ། །
༼ གཅན་གླག་མིག། ༽