ལྕགས་ཟམ་ཁ་གླང་རྒྱབ་སྒང་འདབས་སུ་གནས་པའི་མཆིག་ཐང་ནི་སྐད་གྲགས་ཡོད་པའི་ས་ཆ་ཞིག་ཡིན་ལ། ལྕགས་ཟམ་རྫོང་པར་ལེན་མཐུན་ཚོགས་ཀྱིས་པར་ལེན་སའི་གནས་མཆོག་ཏུ་གྱུར་པར་མ་ཟད། ཕྱོགས་བཞིའི་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོད་པའི་གནས་ཤིག་ཀྱང་ཡིན། དབྱར་ཟླ་འབྲིང་བའི་དུས་སུ་སླེབས་དུས་མཆིག་ཐང་གི་ཡུལ་ལྗོངས་ལྷག་ཏུ་མཛེས། སྐབས་དེར་མཆིག་ཐང་དུ་ཤང་དྲིལ་མེ་ཏོག་ཕན་ཚུན་མཛེས་སྡུག་འགྲན་པ་བཞིན་བཞད་པའི་སྒང་ཡིན། མཆིག་ཐང་གི་མདུན་རི་ནི་སྐད་གྲགས་ཆེ་བའི་མི་ཉག་འབོ་གངས་དཀར་གྱི་རི་རྒྱུད་ཡིན་ལ། འབོ་གངས་དཀར་གྱི་རྩེར་ལོ་ལྟར་ཁ་བས་གཡོགས་ཡོད་པས་ཉི་འོད་རི་རྩེར་འཕྲོས་དུས་འོད་ལྷག་ཏུ་འཚེར་ལ་མཛེས་སྡུག་གི་བཀྲག་མདངས་རབ་ཏུ་བཀྲ། མཆིག་ཐང་གི་མཛེས་ལྗོངས་དང་འབོ་གངས་དཀར་གྱི་བརྗིད་ཉམས་ཀྱིས་མི་སེམས་ལ་བདེ་བ་སྟེར་ཞིང་ཉམས་དགའ་བའི་གནས་མཆོག་གི་མཛེས་སྡུག་ལ་མྱོང་རོལ་བྱ་ཆོག།
( བདེ་ཆེན་གྱིས་བསྒྱུར།)