国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དཔལ་ཡུལ་དང་སྡེ་དགེ། སེར་ཤུལ་རྫོང་དུ་ཕེབས་ནས་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་སྙིང་དོན་སྒྲོག་འགྲེལ་དང་འབྲེལ་བརྟག་ཞིབ་གནང་སྐབས།

ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་ནས་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོར་བསྐྲུན་དགོས་ཞེས་གསུངས།

ཧྲེན་དབྱང་གིས་གཡས་པ་ཐང་ཆུ་གློག་ཁང་གི་ཨར་པོ་རྒྱག་ཡུལ་དུ་འཛུགས་སྐྲུན་བྱེད་ཚུལ་ལ་བརྟག་ཞིབ་གནང་བཞིན་པ།

སྤྱི་ཟླ8པའི་ཚེས13ནས་ཚེས17ཉིན་བར་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དཔལ་ཡུལ་དང་སྡེ་དགེ། སེར་ཤུལ་རྫོང་དུ་ཕེབས་ནས་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་སྙིང་དོན་སྒྲོག་འགྲེལ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་བརྟག་དཔྱད་ཞིབ་འཇུག་གནང་བ་རེད། ཁོང་གིས་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་བསྟར་བ་དང་། ཁུལ་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་ཡང་དག་པར་ཁོང་དུ་ཆུད་པ། འབྲི་ཆུ་དང་རྨ་ཆུ་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོར་འཛུགས་ཤིང་། ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་དོན་ལ་འཁྱོལ་བར་སྐུལ་བའི་ཁྲོད་མདུན་དུ་བསྐྱོད་དེ་མིག་དཔེ་བཞག་ནས་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་ལེའུ་གསར་པ་ཧུར་ཐག་འབྲི་ཆེད་སྟོབས་ཤུགས་བྱས་རྗེས་སུ་འབུལ་དགོས་ཞེས་ནན་གསུང་གནང་བ་རེད།

ཧྲེན་དབྱང་སྔ་རྗེས་སུ་དཔལ་ཡུལ་རྫོང་ཁྲོམ་མཐའ་རྩྭ་ཐང་དང་སྒ་རྗེ་གྲོང་རྡལ་ཧོར་ལུང་རང་བྱུང་སྲུང་སྐྱོང་ཁུལ་དང་། སྡེ་དགེ་རྫོང་སྨན་ཤོད་གྲོང་རྡལ་གྱི་རང་བྱུང་སྲུང་སྐྱོང་ཁུལ་དང་། སེར་ཤུལ་རྫོང་དྲན་འཁོར་ཡུལ་ཤོག་རྒྱ་ཚང་ལུང་པ་དང་དགོན་སྲུང་གྲོང་ཚོའི་ཡུལ་སྡེའི་ནགས་རྩྭ་སྔོ་འགྱུར་ལས་གཞི་སྤེལ་ཡུལ་སོགས་སུ་ཕེབས་ནས་ས་གནས་དེ་གའི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ལ་ཡུལ་དངོས་སུ་ལྟ་ཞིབ་གནང་བ་རེད། ཁོང་གིས་རིམ་པ་ཁག་དང་སྡེ་ཁག་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བསྟར་ནས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཅངས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་འཁུར་ཞིང་། སྐྱེ་ཁམས་ཁོར་ཡུག་བཟང་པོ་དེ་ཁྱོན་ཡོངས་ཀྱི་དམངས་འཚོའི་བདེ་སྐྱིད་དུ་བརྩིས་ཏེ། བློ་བརྟན་འགྱུར་མེད་ངང་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་ཕུན་སུམ་ཚོགས་པ། སྐྱེ་ཁམས་བཟང་པོ་བཅས་ཀྱི་དཔལ་ཡོན་འཕེལ་རྒྱས་འགྲོ་ལམ་དུ་བསྐྱོད་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་ཧུར་ཐག་བཙུགས་ཏེ། སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་འདེགས་སྐྱོར་བྱ་དགོས་ཞེས་གསུངས།

དཔལ་ཡུལ་རྫོང་ཨ་ཚབ་གྲོང་རྡལ་ཡ་ཆེན་དགོན་པ་དང་སྡེ་དགེ་རྫོང་མགོ་ལོན་ཡུལ་ཤོག་ཐར་བདེ་དགོན་པར་ཧྲེན་དབྱང་གིས་དགོན་པའི་དགེ་འདུན་པ་དང་དགོན་པའི་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་གླེང་མོལ་ཞིབ་རྒྱས་གནང་ནས་དགོན་པ་ཁྲིམས་ལྟར་དོ་དམ་དང་། རིག་དངོས་སྲུང་སྐྱོང་།“འདུ་ཤེས་གསུམ་”གྱི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་ཚུལ་སོགས་ལ་ཆ་རྒྱུས་ཞིབ་ཕྲ་བླངས་ཤིང་། ཁོང་གིས་དགོན་པའི་དོ་དམ་ཨུ་ལྷན་གྱིས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཁྲིམས་ལྟར་དོ་དམ་དང་། དམངས་གཙོ་དོ་དམ། སྤྱི་ཚོགས་ཅན་གྱི་དོ་དམ་བཅས་ཟུང་དུ་འབྲེལ་བ་མཐའ་འཁྱོངས་ཏེ་དོ་དམ་དང་ཞབས་ཞུ་གཉིས་ཀར་མཐོང་ཆེན་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་རྒྱུན་ལྡན་གྱི་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱས་ནས་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་བརྒྱུད་འཛིན་ཐུབ་པར་སྐུལ་འདེད་གཏང་དགོས་པའི་བླང་བྱ་བཏོན་པ་རེད། ཁོང་གིས་རྒྱ་ཆེ་བའི་ཆོས་ལུགས་ལས་རིགས་མི་སྣས་ཏང་གི་མི་རིགས་ཆོས་ལུགས་ལས་དོན་གྱི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་དང་ལག་བསྟར་ཡག་པོ་བྱས་ཏེ། ཆོས་དོན་དང་ཆོས་ཁྲིམས་ཁྲོད་ཀྱི་སྤྱི་ཚོགས་འཆམ་མཐུན་དང་། དུས་རབས་ཡར་ཕྱོགས།བདེ་ཐང་དཔལ་ཡོན་བཅས་ལ་ཕན་པའི་ནང་དོན་སྔོག་འདོན་ཟབ་རྒྱས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། དེ་བཞིན་རྒྱ་ཆེ་བའི་ཆོས་ལུགས་དད་ལྡན་མང་ཚོགས་ལ་མ་སྐུལ་དང་བླངས་ཀྱིས་ཞབས་འདེགས་ཞུ་བ་དང་། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་སྐུལ་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་ཐུགས་རེ་གནང་།

ཧྲེན་དབྱང་གིས་ནན་གསུང་གནང་དོན། ད་སྔ་ནི་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ལེགས་པར་འགྲུབ་པའི་འགག་སྒྲོལ་དུས་སྐབས་དང་ཆུ་ལོག་སྔོན་འགོག་དང་གནོད་འཚེ་བསྙུང་བའི་འགག་རྩའི་དུས་སྐབས་ཡིན་ལ། དབྱར་དུས་སུ་ཡུལ་སྐོར་འགྲོ་འོང་མང་ཤོས་ཀྱང་ཡིན་པས། དཔལ་འབྱོར་འཕེལ་རྒྱས་དང་ཉེན་མེད་ཐོན་སྐྱེད། གནོད་འགོག་གནོད་སེལ། འགྲིམ་འགྲུལ་བདེར་བགྲོད་འགན་ལེན་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན། རིམ་པ་ཁག་གིས་ཆུ་ལོག་དང་ས་གཤིས་གནོད་འཚེ། འགྲིམ་འགྲུལ། མེ་ཟོན་མེ་གསོད། བཟའ་བཏུང་ཉེན་མེད་སོགས་ཐད་ཀྱི་མངོན་མེད་རྐྱེན་ངན་ཚགས་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་སྲུང་དང་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་ཡོང་བར་ཤུགས་ཡོད་རྒུས་སྲུང་སྐྱོར་བྱ་དགོས།

བརྟག་དཔྱད་ཞིབ་འཇུག་རིང་ལ་ཧྲེན་དབྱང་གིས་ད་དུང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་པའི་ཨུ་ཡོན། ཀྲུང་གོ་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གི་གླིང་གཙོ་གཞོན་པ་ནགས་གཙང་བྱམས་པ་ངག་དབང་དང་ཁུལ་ཡོངས་གྱི་རྒྱལ་ཡོངས་རང་སྟོབས་དཔེ་བཟང་ཞེས་པའི་གཟི་བརྗིད་མཚན་སྙན་ཐོབ་པའི་དབང་པོ་སྐྱོན་ཅན་དང་ཐང་ཁའི་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་པ་ཚེ་འཕེལ་ལ་འཚམས་འདྲི་གནང་བ་རེད།

ཁུལ་མགོ་ཁྲིད་ཁྲེན་པོ་ཐའོ་དང་ཚེ་དབང་འཇིགས་མེད། དཔལ་ཡུལ་དང་སྡེ་དགེ། སེར་ཤུལ་བཅས་རྫོང་ཏང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ། དེ་བཞིན་དཀར་མཛེས་བཅའ་སྡོད་ཀྲུང་དབྱང་ཁེ་ལས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་ཁག་བགོས་ནས་བརྟག་དཔྱད་ཞིབ་འཇུག་ནང་ཞུགས་པ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)