国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འབྲོག་གི་བུ་མོ།

བཞིན་རས་དཀར་མཛེས་ཟླ་བའི་ཡར་ངོས་སུ། །

འཛུམ་པའི་ཞལ་གྱི་ཚེམས་དཀར་རབ་རྒོད་ནས། །

འབྲོག་གི་ཕ་གཞིས་སྲུང་བའི་བོད་མོ་ལ། །

སེམས་ཀྱི་ཚོར་འདུ་སྐད་ཆ་ཡིག་རིས་བསྟར། །

ཁ་འབྲས་མཚར་བའི་སེམས་ཀྱི་འབྲོག་མོ་ལ། །

ལྟ་ན་སྡུག་པའི་མཛེས་བྱད་ཡིད་འོང་ལྡན། །

འབྲོག་གི་ཡུལ་ན་འཁྲུངས་པའི་མཛའ་མོ་དེ། །

ལྷད་མེད་སེམས་གཤིས་བཟང་པོ་ངང་གིས་བྱུང་། །

དམར་བའི་མཁུར་ཚོས་བྱུ་རུའི་མདངས་ལྡན་ལ། །

ཆུ་སྐྱེས་མེ་ཏོག་མཚུངས་པའི་མཆུ་སྒྲོས་མཛེས། །

རྫས་གྱིས་བསྒྱུར་བ་མི་དགོས་དམར་མདངས་ཅན།།

ཟུར་ནས་མཐོང་ན་མཛེས་པས་ཡི་ག་དྭངས། །

གཤིས་ལྷོད་བག་འཇམ་འཛུམ་པ་རང་འགྲུབ་ཅིང་། །

དཀར་གསལ་ཞལ་གྱི་འཛུམ་མདངས་ལྷད་མེད་ལ། །

མི་སེམས་བརྒྱ་ཡི་སེམས་པ་དབང་མེད་འཕྲོག །

མཛེས་ལྡན་འབྲོག་གི་མཛངས་མ་སྐྱིད་ལ་ཡོད། །

ཕ་གཞིས་འབྲོག་ནས་འཚར་ལོངས་ག་ལེར་བྱས། །

ལུས་དྲི་གཞན་གྱི་མ་ལྷད་འབྲོག་དྲི་འཐུལ། །

འབྲོག་གི་ཡུལ་ནས་ཐོན་པའི་འབྲོག་མོ་ལ། །

ལུས་ཟུངས་གཙང་མའི་དྭངས་པ་ཅིས་ཀྱང་ལྡན། །

གཙང་ཆུ་ལྷུང་ལྷུང་བཞུར་བའི་འགྲམ་ངོགས་སུ། །

དལ་འགྲོས་ཕར་ལ་བྱེད་པའི་འབྲོག་མོ་ཡིས། །

ཆུ་ཟོམ་རྒྱབ་ཏུ་ཁུར་ནས་གཙང་འགྲམ་དུ། །

གོམ་སྟབས་ཉམས་དགའ་བསྒྱུར་ལ་མཛེས་པ་ལྡན། །

བོད་ལྭ་གཙང་མ་གྱོན་པའི་བོད་མོ་ལ། །

རིན་ཆེན་ཚོགས་ཀྱི་རྒྱན་ཆ་དབེན་ན་ཡང་། །

འོས་འཚམས་མིག་ཏུ་མཛའ་བར་དགའ་བྱེད་ཅིང་། །

སྦྲ་ནག་འདབས་ནས་ཉམས་བཟང་མཛེས་པ་བདོག །

ནོར་ལུག་སྤང་ལ་འདེད་པའི་རི་ཟུར་ནས། །

རྫི་གླུ་སང་སང་ལེན་བཞིན་འུར་རྡོ་འཕངས། །

ནོར་ལུག་རི་ལ་བཀྲམ་ནས་རྩྭ་ཐང་བརྒལ། །

འབྲོག་གི་བུ་མོ་སྐྱིད་པའི་སྤང་ལ་ཡོད། །

སྐྲ་ཡི་ལན་བུ་རླུང་གིས་ཕྱོགས་བཞིར་བསྐྱོད། །

གོས་ཀྱི་ཐུར་སྣེ་ཟེགས་མས་ཡང་ཡང་རླན། །

རྩི་ཏོག་ཟིལ་བས་ལྷམ་གྱི་མགོ་ལ་གཤེར། །

དབྱར་སྤང་གན་ན་འབྲོག་མོ་དལ་བུར་སོང་། །

སྦྲ་ནག་གྲུ་བཞིའི་ནང་གི་ཐབ་ཚང་དུ། །

འོ་ཇ་བསྐོར་ཞིང་མ་ཎི་དབྱངས་རྟ་གྱེར། །

ཁ་འཇམ་ཚིག་གིས་ཕ་མར་སྲི་ཞུ་བསྒྲུབས། །

བོད་ཀྱི་བུ་མོ་འབྲོག་པའི་ནང་ན་ཡོད། །

སེམས་ནས་ཕྲག་དོག་ཆུ་ཕྲན་མི་བསྐོལ་ཅིང་། །

ཕྱི་ནས་འབགས་བཙོག་རྫས་ཀྱིས་མ་བསླད་པར། །

ཕྱི་ནང་གཉིས་ཕྱོགས་གཙང་བའི་འབྲོག་མོ་དེ། །

བདག་གི་མིག་མཐའི་ཀློང་ན་རྟག་པར་གནས། །

དུང་སེམས་འོ་མའི་རང་མདངས་འཛུམ་པ་དེ། །

མི་སེམས་གཅིག་ནང་འཁྱིལ་བའི་དུང་བ་ཡིས། །

རང་རང་དགའ་བའི་དགྱེས་འཛུམ་སྟོན་པ་ཅན། །

བརྩེ་དུང་རྣལ་མ་སྟེར་བའི་མཛངས་མ་ཡིན། །