ཉི་ནུབ་སྤྲིན་དཀར་ལང་ལོང་གང་སར་ཆས། །
འདབ་ཆགས་ཚོགས་ཀྱི་སྐད་སྒྲ་རྣ་ལམ་སྒྲོག །
ཤ་དང་རུས་པ་འདྲིས་པའི་སྙིང་ཉེ་ཞིག །
ཉི་ནུབ་སྤྲིན་དཀར་འོག་ནས་དྲན་པ་ལྗིད། །
སྨིག་རྒྱུ་སབ་སིབ་ནགས་ཀློང་མགོ་དཀྲིས་བཅིངས། །
གཞན་གསོས་བུ་མོའི་སྐད་དབྱངས་རྣ་ལ་འདོན། །
བརྩེ་སེམས་མཉམ་དུ་མཐུན་པའི་གྲོགས་ལོ་མ། །
དྲན་པའི་ཚོར་འདུ་ཟབ་བརླིང་སྣང་ངོར་རྩེན། །
རྒོངས་ཀའི་མཚམས་སྤྲིན་དམར་སེར་ལམ་ལ་བཞུད། །
ཕྱོགས་བཞིར་དམར་མདངས་བཀྲ་བའི་རྒོངས་ཀ་ནས། །
ང་དང་མཉམ་དུ་འགྲོགས་པའི་སྙིང་ཕྱེད་ཅིག །
དྲན་པའི་ཟླ་ངོགས་འཆར་བའི་སྣང་བ་མང་། །
དབྱར་གྱི་སྐྱིད་སྣང་ཚོར་བའི་དུས་ཚིགས་དེ། །
ད་ནི་རྫོགས་པའི་གོམ་ཆུང་འཛེག་པ་ཡིས། །
སེམས་པའི་སྙིང་ཤ་རེག་པའི་གྲོགས་ལོ་ཞིག །
དྲན་པའི་བཟི་ཆང་མངར་མོས་ཅི་ཡང་མྱོས། །
མེ་ཏོག་འགོ་ལྕོག་བསིལ་རླུང་འཇམ་གྱིས་ལྡེམ། །
རྐང་དྲུག་གཞོན་ནུས་གེ་སར་ལེན་པ་མཐོང་། །
སྙིང་དུ་སྡུག་པའི་དགའ་ལོ་འདང་ཆེན་མ། །
དྲན་པའི་སེམས་ཀྱི་འདུན་པ་གྱེན་དུ་ལངས། །
དྲན་གདུང་རིང་མོ་ཟད་དུ་མི་འདུག་པས། །
ཉལ་ཁྲིའི་སྟེང་ནས་དྲན་གདུང་སྙན་ངག་བྲིས། །
དྲན་པའི་སེམས་ལ་ཚོར་བས་འོ་བྱེད་ཅིང་། །
དྲན་པའི་ཚིག་ལ་དབྱངས་ཀྱི་རྟ་མཆོག་བཞོན། །
སྐད་མེད་གཏིང་བརླིང་འཁྱིལ་བའི་མཚོ་ངོགས་སུ། །
བྱ་ཁྱུས་ལྡེམ་ལྡེམ་འགྱུ་བཞིན་སྟངས་སྟབས་རྩེ། །
ང་དང་ཁ་ཐག་རིང་བའི་གྲོགས་མཆོག་ཅིག །
མཚོ་མོའི་ངོགས་ནས་དྲན་པ་རི་ལས་མཐོ། །
སྟོད་ཀྱི་རྫ་དཀར་འཁྲིས་སུ་ན་བུན་འཁྲིགས། །
ཆར་ཟིམ་མེ་ཏོག་ལུས་ཤ་བརྟས་བྱེད་དུས། །
འདྲིས་གོམས་ཟབ་པའི་ཆ་ཡོད་རོགས་ལོ་ཞིག །
ན་བུན་ཀློང་ནས་དྲན་པས་སྨྱོ་ལ་ཡོད། །
མཚན་གུང་ཟླ་བའི་འོད་རླབས་མུན་པ་སངས། །
ག་ལེར་བཞུད་པའི་དལ་འགྲོས་བཞུར་སྒྲ་འབྱིན། །
དྲན་པའི་སྣང་བ་བསྲིང་བའི་མཚན་གུང་ལ། །
དུ་བ་རྐང་གཅིག་བདུགས་ཏེ་དྲན་པས་གཟེར། །
དྲན་པས་དྲན་པ་མ་བཟོད་ཚོར་འདུ་ཡིས། །
ཤ་དང་རུས་པའི་གསེང་དུ་རྒྱུ་བྱེད་པས། །
དྲན་གདུང་ཤོག་དཀར་ངོས་ལ་ཕབ་པ་སྟེ། །
བདག་འགྲམ་སྤྲིན་དཀར་ཕུང་ལ་ལན་གཅིག་བསྐུར། །