国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སེམས་གཅོང་།

མི་རྟག་འཇའ་ཚོན་ཤར་བའི་ཐུ་འོག་ནས།།

མི་ལུས་གཡར་པོ་ལན་རེ་བླངས་ན་ཡང་།།

ནུས་མེད་གྲོག་མ་བཞིན་དུ་འགྲོ་བའི་ཚེ།།

ངལ་བའི་སེམས་ལ་ལྗིད་པའི་ཁུར་ཆེན་ལྷུང་།།

མི་ཁའི་རླུང་འཚུབ་ལྡང་བའི་རི་གྲོང་ནས།།

ཡག་སྡུག་འཚོ་བའི་ངོ་གདོང་འཆར་བའི་ཚེ།།

འཇིག་རྟེན་རང་ལ་མི་དབང་མི་ཁ་ཡིས།།

སེམས་སུ་མདའ་གྲི་ཕོག་པའི་བྱིའུ་ཆུང་བཞིན།།

རང་སེམས་མི་སྙན་སྐད་ཀྱིས་གཟན་པའི་དུས།།

ལུས་ཀྱི་ཤ་ཁྲག་གཟེབ་ཏུ་འཐིམས་པ་ཡིས།།

དྲོད་འཇམ་སྙིང་གི་ཁྲག་མཚོ་རབ་དཀྲུགས་ནས།།

ཟུངས་མེད་ལུས་ཀྱི་ཕུང་པོ་གཉོམ་ཞིང་དུད།།

མི་འཕྲོད་བྱ་བས་ལུས་ལ་འཚང་པ་ཡིས།།

རང་མལ་གནས་པའི་འདུན་པ་བོར་བྱེད་ཅིང་།།

སྙིང་གི་འཕར་ཚད་བརྒལ་བའི་རང་སེམས་ལ།།

གདུང་བའི་སྨྲེང་ངག་རྒྱ་མཚོའི་རླབས་ལ་འདྲེས།།

ཕྱི་ཡི་ཁོར་ཡུག་རང་ཉིད་གཙེས་པ་ཡིས།།

མི་སྡོད་འཆི་བའི་ལམ་ལ་ཁ་ཕྱོགས་ཤོར།།

ཡུན་ཐུང་མི་ཚེ་རིན་ཐང་བྲལ་བའི་ངང་།།

གསོན་པའི་དམིགས་ཡུལ་མུན་པའི་སྨག་ནང་ཡིབ།།

སྐད་ཅིག་འཇིག་རྟེན་ངོས་ལ་འཚོ་ཙམ་གྱིས།།

གཞན་གྱི་ཟེར་སྒྲོས་ལམ་ནས་འགྲོ་བའི་དུས།།

རང་དབང་རྨང་ནས་བོར་བའི་མི་ཚེ་འདིར།།

སེམས་གཅོང་ཟབ་ཅིག་རང་ལ་ན་དགོས་བྱུང་།།

རྒྱུ་དང་འབྱོར་བ་བཙལ་ལ་བང་ཁ་འགྲན།།

གཉེན་ཉེ་ཕན་ཚུན་ཡིན་ཡང་ཕྲག་དོག་གིས།།

བཟི་སྟེ་མི་དགའི་རྣམ་འགྱུར་ཅི་ཡང་ཡོང་།།

དེང་གི་སྤྱི་ཚོགས་རྙོག་འཛིང་སུན་སྣང་སྐྱེད།།

ཕ་མས་བཀའ་བཀྱོན་ཡང་དག་ཆར་ལྟར་འཇོ།།

ཕན་ཚུན་འདྲིས་པའི་གྲོགས་ཀྱིས་དེ་བས་སྨྲ།།

རང་སེམས་སྨྱོ་ལ་ཁད་པའི་ནམ་ཟླ་འདིར།།

བྲང་ཁོང་གཟེར་འདི་འཇགས་ལ་ཉིན་ཞིག་དཀོན།།

མི་ཚེར་སྐྱིད་སྡུག་ཆུ་རིས་འཁྲིགས་ན་ཡང་།།

སེམས་ཁམས་ན་བའི་ཚུལ་ཞིག་འབྱུང་དུ་ཡོད།།

རང་གིས་བདམས་པའི་འཇིག་རྟེན་འཚོ་བ་ལས།།

སྙིང་རླུང་སྟོད་དུ་འཚངས་པར་རབ་ཏུ་སྐྱོ།།

འདི་ལྟར་སེམས་གཅོང་སྐད་ཆ་ལག་ནས་ཤོར།།

སྨྲེང་བའི་ཚིག་ཕྲེང་ཟད་མེད་དབྱངས་ལ་བསྟར།།

སྐྱོ་བའི་ཟུར་སྣེ་ངོ་གདོང་ངོགས་ནས་གསལ།།

དེང་དུས་སྤྱི་ཚོགས་སྙིང་པོ་མེད་པར་སྨྲ།།