国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མཚན་གུང་འདིར།

སུ་ཡང་མེད་པའི་མཚན་གུང་འདིར།

ང་དང་ཆང་དམ་ཞིག། ད་རུང་དུ་བ་རྐང་གཅིག།

ཅོག་ཙེའི་སྟེང་ན། ཆང་ཕོར་གང་བླུགས་ཏེ།

དུ་བ་རྐང་གཅིག་མེ་ལ་སྒྲོན།

འཚོ་བའི་ངོ་གདོང་ན།

མི་ཚོས་འུར་འུར་གྱིས་ཕུགས་འདུན་བསྙེགས་ཏེ།

མདུན་དུ་གོམ་ཁ་བསྒྱུར་བའི་ལམ་ལ་ཆས།

འོན་ཀྱང་། ང་རང་ད་རུང་ཆང་བཏུང་སྟེ་བསྡད།

སྒྱུ་མའི་འཇིག་རྟེན་ནས།

མི་ཚོས་དགའ་སྡུག་གི་མྱོང་བ་གླེང་།

ང་དང་ཁྱོད་ཟེར་ནས་འུར་གྱིས་བཀང་།

ང་རང་ད་རུང་སུ་ཡང་མེད་པའི་གནས་དེར་བསྡད།

སྐད་ཅིག་མའི་གནས་འདིར།

མི་ཚོས་ཐོབ་དང་གོ་ས། རྒྱུ་དང་འབྱོར་བ་འཚོལ་བཞིན།

ང་དང་ཁོ་ཟེར་ནས་དཔུང་པ་འཕྲེད་ལ་གཡུགས།

ཁ་ལྕེ་བདེ་བདེ་དང་ཀླད་པ་གྲུང་གྲུང་བྱས་ཏེ་འུར་གྱིས་བཀང་།

ང་རང་ད་རུང་དུ་བ་འཐེན་ཏེ་ཆང་གིས་བཟིས་ནས་བསྡད།

ཆང་ཕོར་གང་བཏུང་སྟེ།

དུ་བ་རྐང་གཅིག་འཐེན་ཞོར།

ངས་དེ་ལྟར་བསམས་ནས་རྒྱང་རིང་གི་ཉི་ནུབ་མཚམས་སུ།

ཡང་ཡང་གཡེང་ནས་མི་ཚེ་འདི་སྐྱེལ་ལ་རན།