2025ལོ་སྟེ་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བཏོན་ནས་ལོ20འཁོར་བའི་ལོ་རེད། སྤྱི་ཟླ8པའི་ཟླ་གཞུང་དུ་དཀར་མཛེས་ཁུལ་གྱི་ས་གནས་སོ་སོས་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོར་དྲིལ་སྒྲོག་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་སྤེལ་བ་དང་སྦྲགས་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་ལག་ལེན་བྱེད་སྒོ་ཡང་སྤེལ་ཏེ། དམངས་ཡོངས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཁྲོད་དུ་ཞུགས་པའི་ཁོར་ཡུག་བཟང་པོ་སྐྲུན་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དགོངས་པ་ལག་ལེན་གསོན་ཉམས་དོད་པོས་བསྟར་བ་རེད།
རྨ་ཆུ་དང་འབྲི་ཆུ་སི་ཁྲོན་དུ་རྒྱུད་ཡུལ་ཐོག་མ་དང་ཀྲུང་ཧྭའི་ཆུ་མཛོད་ཅེས་པའི་མཚན་སྙན་ཡོད་པའི་སེར་ཤུལ་རྫོང་གི་སྐྱེ་ཁམས་གོ་གནས་གལ་འགངས་ཤིན་ཏུ་ཆེ་བས། རྫོང་དེས་ན་ཆུང་གཞོན་ནུའི་བྱེད་སྒོ་ལྟེ་གནས་སུ་སེར་ཤུལ་རྫོང་གིས་རི་སྔོ་ཆུ་དྭངས་ཀྱིས་སྐྱེ་ཁམས་ལྕགས་རི་སྲུང་བ་ཞེས་པའི་དྲིལ་སྒྲོག་བྱེད་སྒོ་ཟབ་རྒྱས་སྤེལ་བ་རེད།
ལྕགས་ཟམ་རྫོང་གིས་ཤེས་བྱ་ཁྱབ་སྤེལ་དང་འབགས་མེད་འཚོ་བ་དར་སྤེལ་དང་འབྲེལ་བའི་དྲིལ་སྒྲོག་བྱེད་སྒོ་སྤེལ་བ་དང་། དྲིལ་སྒྲོག་ཡིག་རིགས2000ལྷག་བཀྲམ་ཞིང་འདྲི་རྩད་ཐེངས100ལྷག་དང་ལེན་བྱས་ཏེ། སྐྱེ་ཁམས་སྔོན་སྤེལ་དང་འབགས་མེད་འཕེལ་རྒྱས་ཀྱི་འདུ་ཤེས་མི་སེམས་སུ་བཅང་དུ་འཇུག་པ་དང་། ཡུལ་མི་ཚོས་ཆུང་ས་ནས་འགོ་བཙུགས་ཏེ་ཁོར་ཡུག་སྲུང་སྐྱོང་གི་ཞུགས་པ་པོ་དང་ལག་ལེན་པ། ལྟ་སྐུལ་པ་བཅས་འགྱུར་བར་ཁྲིད་སྟོན་བྱས་པ་རེད།
ལི་ཐང་རྫོང་གིས་འཛམ་གླིང་མཐོ་གྲོང་གི་སྐྱེ་ཁམས་གོ་གནས་ཁྱད་དུ་འཕགས་པར་དམིགས་ནས། རྫོང་གེ་སར་ཐང་ཆེན་དུ་འཛམ་གླིང་མཐོ་གྲོང་ནས་སྐྱེ་ཁམས་ཀྱི་ཁྱིམ་གཞིས་སྐྲུན་ཞེས་པའི་གཙོ་དོན་བྱེད་སྒོ་སྤེལ་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་རྒྱལ་ཁབ་ཀྱི་ཐཱན་གཉིས་འཐབ་ཇུས་དོན་ཐོག་འཁྱོལ་བ་རེད།
རང་ཁུལ་གྱིས་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོར་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་ནི་ཀྲུང་གུང་དཀར་མཛེས་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པར་གྲོས་འཆམ་བྱུང་བའི《ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས་ཤུགས་རྒྱུན་ཆད་མེད་པར་བརྒྱབ་སྟེ་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོར་བསྐྲུན་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ་འཛུགས་པའི་སྐོར་གྱི་གཏན་འབེབས》དུས་ཐོག་ལག་ལེན་བསྟར་ཚུལ་ཞིག་ཡིན་ལ། དམངས་ཡོངས་ཀྱི་སྐྱེ་ཁམས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ཁྱིམ་གཞིས་དྲོན་མོ་སྐྲུན་པའི་མཉམ་ཤུགས་གཅིག་ཏུ་བསྒྲིལ་བར་ཕན་ཐོགས་ཡོད་པ་དང་ཆབས་ཅིག། དཀར་མཛེས་ཁུལ་གྱི་བུ་རྒྱུད་ཚོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཉེན་མེད་སྲུང་ཡོལ་བརྟན་པོར་སྐྲུན་པའི་ཆོད་སེམས་ཀྱང་མངོན་པར་བསྟན་ཡོད།།
( ཨ་ཐུབ་ཀྱིས་བསྒྱུར།)