国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སེར་ཤུལ་རྫོང་དུ་འཇུ་མི་ཕམ་རིག་གནས་བགྲོ་གླེང་ཚོགས་འདུ་འཚོགས།

ཉེ་ཆར། པེ་ཅིང་དང་མཚོ་སྔོན། སི་ཁྲོན་སོགས་ནས་ཡོང་བའི་ཆེད་མཁས་པ་དང་སེར་ཤུལ་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བཅས་མཉམ་དུ་འཛོམས་ནས་བྲག་བརྐོས་རི་མོ་སྲུང་སྐྱོང་། འཇུ་མི་ཕམ་བོད་སྨན་རིག་གནས་གསར་གཏོད་དང་འཕེལ་རྒྱས་གཏང་རྒྱུའི་བརྗོད་གཞི་ཆེན་པོ་གཉིས་ལ་དམིགས་ནས་གྲོས་ཚོགས་བསྡུས་ཏེ་རིག་གནས་ཤུལ་བཞག་བརྒྱུད་འཛིན་དང་ས་གནས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་མཉམ་དུ་འཚོལ་ཞིབ་བྱས་པ་རེད།

སེར་ཤུལ་རྫོང་ཨུའི་ཧྲུའུ་ཅི་ཁྲེན་ཀྲི་ཡུང་དང་། སེར་ཤུལ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་ཀྲའོ་ཧྥུང། སེར་ཤུལ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་འཇམ་དབྱངས་ཚེ་རིང་བཅས་གྲོས་ཚོགས་སུ་ཞུགས་པ་རེད།

བགྲོ་གླེང་ཚོགས་འདུར་ཚོགས་ཞུགས་སྐུ་མགྲོན་གྱིས་སྙན་ཞུ་བརྒྱུད་དེ་ས་གནས་དེ་གའི་བྲག་བརྐོས་རི་མོ་ལ་ལོ་རྒྱུས་ཡུན་རིང་དང་ཕུན་སུམ་ཚོགས་པའི་ཤུལ་བཞག་ལ་ཕྱོགས་ཡོངས་ནས་བལྟས་པ་རེད། ལོ་ངོ་སྟོང་ཕྲག་གི་རིང་ལ་མེས་པོ་ཚོས་རྡོ་ཤོག་བུ་དང་གྲི་སྨྱུ་གུ་བྱས་ཏེ་གནའ་བོའི་ཆོས་ལུགས་དང་། ཡུལ་སྐོར་འཚོ་བསྐྱོད། རང་བྱུང་དད་གུས་བཅས་གསོན་ཉམས་དོད་པོས་བརྐོས་ཡོད་པས་མཚོ་བོད་མཐོ་སྒང་གི་ཤེས་རིག་ལ་ཞིབ་འཇུག་བྱ་རྒྱུར་རིན་ཐང་བྲལ་བའི་དོན་དངོས་ར་སྤྲོད་བྱས། དེ་དང་ཆབས་ཅིག་རིག་པའི་དེད་དཔོན་འཇུ་མི་ཕམ་མཆོག་གི་མི་ཕམ་བོད་སྨན་གྱི་རིན་ཐང་དང་ལོ་རྒྱུས་ཀྱི་རིན་ཐང་ངོ་སྤྲོད་བྱས་པ་རེད།

བྲག་བརྐོས་རི་མོ་དང་འཇུ་མི་ཕམ་རིག་གནས་ནི་སེར་ཤུལ་གྱི་སྲོག་སྙིང་ཡིན་པར་མ་ཟད། ཀྲུང་ཧྭ་སྲོལ་རྒྱུན་རིག་གནས་ཕུལ་བྱུང་གི་ནོར་མཛོད་ཁྲོད་འོད་དུ་འཚེར་བའི་ནོར་བུ་ཞིག་ཀྱང་ཡིན། དེ་སྲུང་སྐྱོང་དང་བརྒྱུད་འཛིན་བྱེད་པ་ནི་ལོ་རྒྱུས་རིག་གནས་རྒྱུན་མཐུད་དང་རིག་གནས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ། དེང་རབས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།

སེར་ཤུལ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཀྲའོ་ཧྥུང་གིས་བགྲོ་གླེང་ཚོགས་འདུ་ཕྱོགས་བསྡོམས་བྱེད་སྐབས། རིག་གནས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གསལ་བཤད་བྱས་པ་སྟེ། གཅིག་ནི་རྨང་གཞི་བརྟན་པོ་བཙུགས་ནས་ཤུགས་རྒྱག་རྒྱུ་དང་། གཉིས་ནི་ཞིབ་འཇུག་གཏིང་ཟབ་བྱས་ནས་རིན་ཐང་བསྔོག་རྒྱུ། གསུམ་ནི་གསོན་ཤུགས་བསྐུལ་ནས་རིག་གནས་དང་ཡུལ་སྐོར། བདེ་ཐང་གསོ་བཅོས། སློབ་གསོ། ཚན་རྩལ་སོགས་ཐོན་ལས་ཟུང་འབྲེལ་གང་ལེགས་བྱ་རྒྱུར་སྐུལ་འདེད་གཏང་རྒྱུ། བཞི་ནི་ཤུགས་རྐྱེན་རྒྱ་ཆེར་གཏོང་བ་དང་སྤེལ་རེས་རྒྱ་ཆེར་བཏང་སྟེ་སྟེགས་བུ་སྣ་ཚོགས་བེད་སྤྱད་དེ་སྒོ་འབྱེད་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་སེར་ཤུལ་རིག་གནས་སི་ཁྲོན་ནས་ཐོན་ཏེ་རྒྱལ་ཡོངས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏང་དགོས་ཞེས་བཤད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་ནི་སེར་ཤུལ་རིག་གནས་ཕུན་སུམ་ཇེ་ཚོགས་དང་རིན་ཐང་བསྐྱར་དུ་ཚོད་དཔག་བྱས་པ་ཞིག་ཡིན་པར་མ་ཟད། ལོ་ངོ་སྟོང་གི་ལོ་རྒྱུས་ཤུལ་བཞག་དུས་རབས་གསར་པའི་ནང་གཟི་བརྗིད་ལྡན་པའི་ལེའུ་གསར་པ་ཞིག་མངོན་དུ་འཇུག་པ་དང་། སེར་ཤུལ་གྱི་རིག་གནས་ནོར་བུ་དེས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་རླབས་པོ་ཆེ་ལ་རོགས་རམ་བྱེད་པར་ཐུན་མོང་མ་ཡིན་པའི་སྟོབས་ཤུགས་མུ་མཐུད་དེ་བྱས་རྗེས་སུ་འབུལ་བཞིན་ཡོད།

སེར་ཤུལ་རྫོང་གི་འབྲེལ་ཡོད་མགོ་ཁྲིད་དང་། རྫོང་རིག་གནས་སྤྱི་གཉེར་ཁང་། ཡུལ་སྐོར་ཅུས། རྫོང་འཕྲོད་བསྟེན་བདེ་ཐང་ཅུས་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་པ། ཡུལ་ཤོག་དང་གྲོང་རྡལ་གྱི་འཐུས་མི་ཁག་གཅིག་བཅས་གྲོས་བསྡུར་ནང་ཞུགས་པ་རེད།།

( དཔལ་བཟང་གིས་བྲིས་ཤིང་པར་བླངས།)