国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བཟོ་རྩལ་འབྱོངས་ནས་འཛིན་སྐྱོང་སྤེལ་གསུམ་བྱས།། མི་རིགས་རིག་གནས་ཚེ་སྲོག་རྒྱས་ལ་འབད།།

ཕྱག་ཕྲེང་རྫོང་གི་ཐང་གའི་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་པ་བཀྲ་ཤིས་ཚེ་རིང་གི་སྒྱུ་རྩལ་ལམ་བུ།

བཀྲ་ཤིས་ཚེ་རིང་གིས་ཚོན་རྩི་སྡེབ་སྦྱོར་བྱེད་བཞིན་པ།

བཀྲ་ཤིས་ཚེ་རིང་ལ་རི་སྐྱེས་མེ་ཏོག་གི་བྱ་དགའ་ཐོབ་པ།

བཀྲ་ཤིས་ཚེ་རིང་གིས་རི་མོ་འབྲི་བཞིན་པ།

མི་སྣ་ངོ་སྤྲོད།

བཀྲ་ཤིས་ཚེ་རིང་། སྐྱེས་པ། ཕྱག་ཕྲེང་རྫོང་གི་མི། ཁུལ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་པ། ཀྲུང་གོའི་དམངས་ཁྲོད་རིག་རྩལ་མཐུན་ཚོགས་ན་གཞོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཀྲུང་གོའི་དམངས་ཁྲོད་རིག་རྩལ་མཐུན་ཚོགས་ཀྱི་ལས་འཛིན་པ། སི་ཁྲོན་ཞིང་ཆེན་ལག་རྩལ་མཁས་ཅན་དང་སི་ཁྲོན་ཞིང་ཆེན་དར་གཞོན་སྤྱོད་ཡོན་གཉིས་ལྡན་རིག་རྩལ་ལས་དོན་པ། སི་ཁྲོན་ཞིང་ཆེན་དམངས་ཁྲོད་རིག་རྩལ་མཐུན་ཚོགས་ཀྲུའུ་ཞི་ཚོགས་པའི་ཨུ་ཡོན། སི་ཁྲོན་ཞིང་ཆེན་རིག་རྩལ་མཁས་ཅན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རིག་རྩལ་ཤེས་ལྡན་མི་སྣའི་ཆེད་མཁས་མཛོད་ཀྱི་ཆེད་མཁས་པ། སི་ཁྲོན་ཞིང་ཆེན་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་མི། དཀར་མཛེས་ཁུལ་མཛེས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། དཀར་མཛེས་ཁུལ་དམངས་ཁྲོད་རིག་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མི། ཀྲུང་གོའི་དམངས་ཁྲོད་རིག་རྩལ་མཐུན་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི། སི་ཁྲོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་དང་དགུ་པའི་འཐུས་མི་བཅས་ཡིན། མི་སྒེར་གྱི་བརྩམས་ཆོས་ཀྲུང་གོའི་རྒྱལ་ཁབ་དངོས་མང་བཤམ་སྟོན་ཁང་དང་ཀྲུང་གོའི་མཛེས་རྩལ་མཛོད་ཁང་། ཀྲུང་གོའི་རྒྱལ་ཁབ་པར་གཞི་འགྲེམས་ཁང་བཅས་ཀྱིས་ཉར་ཚགས་བསྒྲིག་བཤམ་བྱས། རྒྱལ་ཡོངས་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན་སྐབས་བཅུ་གསུམ་པ་དང་སྐབས་བཅུ་བཞི་པའི་ནང་བདམས་པ་དང་ཀྲུང་གོའི་དམངས་ཁྲོད་རིག་རྩལ་གྱི་བྱ་དགའ་མཐོ་ཤོས“དམངས་ཁྲོད་རིག་རྩལ་སྐབས་བཅུ་གསུམ་པའི་རི་སྐྱེས་མེ་ཏོག་གི་བྱ་དགའ”སོགས་ཐོབ་ཡོད།

སྒྱུ་རྩལ་གྱི་ཁྲག་རྒྱུན་བསྐྱངས་ནས་བཟོ་རྩལ་ལ་འབྱོང་འགོ་བརྩམས།

བཀྲ་ཤིས་ཚེ་རིང་ནི་ཕྱག་ཕྲེང་རྫོང་གི་བོད་རིགས་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ཨ་ཕ་ནི་ཏང་མི་རྒན་པ་ཞིག་ཡིན་པ་དང་ཨ་མ་ནི་སྐད་གྲགས་ཡོད་པའི་རི་མོ་མཁན་ཞིག་ཡིན། ཆུང་དུས་ནས་བཟུང་ཕ་ལགས་ཀྱིས་ཏང་གི་འགོ་ཁྲིད་ལ་ཉན་པ་དང་ཏང་ལ་བློ་སེམས་དཀར་བ། སྤྱི་ཚོགས་ལ་ཕན་ཐོགས་ཡོད་པའི་མི་ཞིག་བྱ་དགོས་པའི་ཁ་ཏ་སློབ་གསོ་བྱས་པས་ཨ་ཕའི་བསླབ་བྱ་ནམ་ཡང་སེམས་ནས་བརྗེད་མ་མྱོང་། ཨ་མ་ནི་རི་མོ་འབྲི་བར་ཧ་ཅང་འཇོན་ལ་ཆུང་དུས་ནས་ཁོ་ལ་སྤྲིན་པའི་དབྱིབས་དབྱེ་འབྱེད་དང་གཏེར་རྡོས་ཚོན་རྩི་སྡེབ་སྦྱོར་བྱེད་སྟངས་བསླབས་པས། ཨ་མ་ནི་བཀྲ་ཤིས་ཚེ་རིང་གི་སྒྱུ་རྩལ་ལམ་བུའི་ཐོག་གི་བློ་སྒོ་འབྱེད་པའི་དགེ་རྒན་ཐོག་མར་གྱུར། ལོ14ལོན་སྐབས། ཨ་ཕས་ཁོ་ཁྲིད་ནས་ས་གནས་དེ་གའི་མིང་གྲགས་ཆེ་བའི་སྨན་ཐང་ལུགས་ཀྱི་རི་མོའི་དགེ་རྒན་བསྟེན་དུ་བཅུག་ནས་ཐང་ག་འབྲི་སྦྱོང་བྱས། ལོ་ངོ་གསུམ་གྱི་རིང་དཀའ་སྤྱད་སྡུག་རུས་བྱས་ནས་ཚོན་རྩི་སྡེབ་སྦྱོར་དང་། ཐིག་ཚད་དང་ཚོན་ཁ་རྒྱག་པ། ངོ་མཚར་ཆེ་ལ་ཞིབ་ཅིང་ཕྲ་བའི་འབྲི་རྒྱུན་སློབ་སྦྱོང་བྱས་པར་བརྒྱུད་ཐང་གའི་འབྲི་རྩལ་གྱི་སྙིང་པོ་ཁོང་དུ་ཆུད་པར་གྱུར།

ལོ17ལ་སླེབས་སྐབས་ཁོ་དགེ་ཕྲུག་འགའ་དང་མཉམ་དུ་ཕྱིར་བསྐྱོད་ནས་ལྡེབས་རིས་དང་ཐང་ག་བྲིས་ནས་འཚོ་བ་རོལ་འགོ་བརྩམས། 2009ལོར་ཕྱག་ཕྲེང་རྫོང་གིས་ལོ་རྒྱུས་ཡུན་རིང་ལྡན་པའི་བསམ་འཕེལ་དགོན་ཉམས་གསོའི་དུས་དང་ཁེལ་བས་རི་མོ་མཁན200ལྷག་མཉམ་དུ་འཛོམས་པ་དང་། ལོ20ལོན་པའི་བཀྲ་ཤིས་ཚེ་རིང་ཡང་གདན་ཞུས་ལྟར་དེ་གར་ནས་ལོ་དྲུག་རིང་ལ་ལྡེབས་རིས་བྲིས་པ་རེད།

ལ་ལུང་བརྒལ་ནས་ལོ་ངོ་སྟོང་གི་ལག་རྩལ་དུས་རབས་ཀྱི་མགུལ་དུ་འཁྱུད་པར་བྱས།

བགྲང་བྱ་བཅུ་ལྷག་རིང་འབད་པ་ལྷོད་མེད་བྱས་མཐར། ཚོན་རྩི་སྡེབ་སྦྱོར་དང་། ཐིག་རྒྱག་པ། ཚོན་རྒྱག་པ་སོགས་ཐང་ག་འབྲི་རྩལ་གྱི་སྙིང་བཅུད་རིམ་བཞིན་ཁོང་དུ་ཆུད། ཁོས་བྲིས་པའི་ཐང་གའི་ཚོན་མདངས་བཀྲ་ཤིང་བརྗིད་ཆགས་པ་དང་། ཐིག་རིས་ཞིབ་ཚགས་ལ་གསོན་ཉམས་ལྡན་པ། སྲོལ་རྒྱུན་གྱི་ཐང་ག་དང་ས་གནས་དེ་གའི་རིག་གནས་ཀྱི་ཁྱད་ཆོས་གཞི་

གཅིག་ཏུ་འདྲེས་པར་བྱས་ཡོད། 2016ལོར་འདབ་པ་ཉི་སྟེན་ལྗོངས་ཁུལ་མཚོ་འགོ་དགོན་པའི་ལྡེབས་རིས་འབྲི་སྐབས་ཀྲུང་གོ་དམངས་ཁྲོད་རིག་རྩལ་མཐུན་ཚོགས་ཀྱིས་སི་ཁྲོན་དཀར་མཛེས་ཁུལ་དུ་བསྐྱོད་པའི་ཞིབ་འཇུག་ཚོ་ཆུང་དང་སྟེས་དབང་གིས་འཕྲད། ཞིབ་འཇུག་ཚོ་ཆུང་གི་སྣེ་ཁྲིད་པ་དང་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་དམངས་ཁྲོད་རིག་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཕན་ལུའུ་ཧྲེང་གིས་བཀྲ་ཤིས་ཚེ་རིང་གིས་བྲིས་པའི་ལྡེབས་རིས་ལ་བསྔགས་བརྗོད་བྱས་པ་དང་འབྲེལ་ཁོ་རང་སི་ཁྲོན་ཞིང་ཆེན་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ནང་ཞུགས་རྒྱུའི་སྐུལ་ལྕག་བྱས་པས་ཁོར་རི་དང་གཙང་པོ་བརྒལ་ནས་ཕྱིར་བསྐྱོད་པའི་བསམ་ཚུལ་སྐྱེས་པ་རེད།

ལོ་རྗེས་མར《ལྷོ་ཕྱོགས་དར་ལམ་དང་རྒྱ་བོད་ཁྱིམ་ཚང་གཅིག》ཅེས་པའི་རི་མོ་གསར་རྩོམ་བྱས། ཇ་རྟའི་གནའ་ལམ་གྱི་གཞི་རྒྱུ་དང་བོད་ཀྱི་རི་མོའི་ལག་རྩལ་མཉམ་འདྲེས་བྱས་པའི་བརྩམས་ཆོས་དེར2018ལོར་ཀྲུང་གོའི་དམངས་ཁྲོད་རིག་རྩལ་གྱི་བྱ་དགའ་མཐོ་ཤོས“རི་སྐྱེས་མེ་ཏོག་གི་བྱ་དགའ”ཐོབ་པ་རེད།

2019ལོའི་ཟླ9པར་དགེ་རྒན་དང་མཉམ་དུ་མུ་འབྲེལ་རི་མོའི་བརྩམས་ཆོས《བཟོ་ཆེན་གྱི་དར་ལམ》རྒྱལ་ཡོངས་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན་སྐབས་བཅུ་གསུམ་པ་དང་ཀྲུང་གོའི་མཛེས་རྩལ་བྱ་དགའ་སྐབས་གསུམ་པའི་པེ་ཅིང་དུ་བསྐྱོད་པའི་བརྩམས་ཆོས་འགྲེམས་སྟོན་དུ་བདམས་པར་མ་ཟད། ཀྲུང་གོ་མཛེས་རྩལ་མཛོད་ཁང་གིས་ཉར་ཚགས་བྱས། 2020ལོའི་ཟླ་བ9པར་སི་ཁྲོན་ཞིང་ཆེན་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་འོས་སྦྱོར་བྱས་པར་བརྒྱུད་སི་ཁྲོན་ཞིང་ཆེན་རིག་རྩལ་རྐང་འཛིན་པ་ཡིན་པའི་ངོས་ནས་བོད་ལྗོངས་ལྷ་ས་གྲོང་ཁྱེར་ནས་སྤེལ་བའི་ཀྲུང་གོའི་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ས་ཁུལ་གྱི་རིག་རྩལ་རྐང་འཛིན་ཞིབ་འཇུག་འཛིན་གྲྭ་ཐེངས11པའི་ནང་ཞུགས་ནས་དེང་རབས་སྒྱུ་རྩལ་རིགས་པའི་གཞུང་ལུགས་རྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱས་པ་རེད།

ཕ་ཡུལ་གྱི་པང་དུ་ལོག་ནས་སྲོལ་རྒྱུན་སྒྱུ་རྩལ་ལ་གསར་གཏོད་ཀྱི་འོད་མདངས་བསྩལ།

བཀྲ་ཤིས་ཚེ་རིང་གིས་ཕྱི་རོལ་དུ་ལས་སྟེགས་དེ་བས་ལེགས་པ་དང་ཆེ་བ་ཡོད་མོད། ཕྱག་ཕྲེང་གི་རི་ཆུ་དང་རིག་གནས་ནི་ངའི་རྩ་བ་ཡིན་ཞེས་བཤད་པ་ནང་བཞིན། 2021ལོར་མཛེས་རྩལ་ཁང་མང་པོ་ཞིག་གི་གདན་ཞུ་དང་ལེན་མ་བྱས་ཏེ་ཕྱག་ཕྲེང་དུ་ཤམ་བྷ་ལ་ཐང་ག་སྒྱུ་རྩལ་ཁྱབ་སྤེལ་སྤྱི་གཉེར་ཁང་ཐོ་འགོད་བྱས་ནས་བཙུགས་པ་རེད།

བཀྲ་ཤིས་ཚེ་རིང་གི་ལས་སྒྲུབ་ཁང་དུ་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཀྱི་རྣམ་པས་ཁེངས་ཤིང་དགེ་ཕྲུག་ཚོས་གློག་རྡུལ་ཕྲ་མཐོང་ཆེ་ཤེལ་སྤྱད་ནས་གཏེར་དངོས་འབྲུ་མར་དབྱེ་ཞིབ་བྱེད་བཞིན་ཡོད་ལ། ད་དུང་བྱང་ཆུབ་ཤིང་ལོའི་ཐང་ག་དང་། ཐང་ག་ཆུང་ངུ་། བྱང་ཆུབ་ཤིང་གི་མཁྲིག་རྒྱན། དངུལ་གྱི་བསྡེབ་རྒྱན་སོགས་རིག་གནས་གསར་འཆར་ཐོན་རྫས་འགྲེམས་སྟོན་བྱས་ཡོད། ཉེ་བའི་ལོ་ཤས་རིང་། བཀྲ་ཤིས་ཚེ་རིང་གིས་ཕྱག་ཕྲེང་གི་སྲོལ་རྒྱུན་ཐང་གའི་ལག་རྩལ་སྲུང་སྐྱོང་དང་བརྒྱུད་འཛིན་བྱ་ཆེད། གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་ནང་ཧུར་ཐག་གིས་ཞུགས་པ་དང་། ས་གནས་དེ་གའི་གཞོན་ནུ་ལོ་ཆུང་གདན་འདྲེན་ཞུས་ནས་ཐང་གའི་གཞི་རྒྱུ་རིག་གནས་གསར་འཆར་གྱི་ཐོན་རྫས་ནང་འདྲེས་པར་བྱས་ནས་སྲོལ་རྒྱུན་སྒྱུ་རྩལ་རྣམ་པ་གསར་རྐྱང་གི་ཐོག་ནས་སྐྱེ་སྟོབས་རྒྱས་སུ་བཅུག།

ད་སྐབས་བཀྲ་ཤིས་ཚེ་རིང་གི་ཕུགས་འདུན་ཆེ་ཤོས་ནི་ཕྱག་ཕྲེང་གི་གཟུགས་མེད་རིག་གནས་ཤུལ་བཞག་མཐུན་ཚོགས་དངོས་སུ་བཙུགས་རྗེས། ས་གནས་དེ་གའི་སྒྱུ་རྩལ་རིགས30ལྷག་གཅིག་བསྡུས་ཐོག་འགྲེམས་སྟོན་དང་ཁྱབ་གདལ་བཏང་ནས། མི་རིགས་རིག་གནས་སྲུང་སྐྱོང་གི་རྨང་གཞིའི་ཐོག་དར་སྤེལ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་དེ་རེད། ཁོས་འཆར་འགོད་དཔེ་རིས་ལ་ལྟ་བཞིན་ང་ཚོས་གཅིག་བསྡུས་འགྲེམས་སྟོན་གྱི་རྣམ་པ་བརྒྱུད་ནས་ཐང་ག་དང་བོད་ལུགས་བསླས་འཐག། ནས་ཆང་བསྙལ་བའི་ལག་རྩལ་སོགས་མི་རིགས་རིག་གནས་ཀྱི་གསོན་ཤུགས་རྒྱས་པར་བྱས་ནས་སྲོལ་རྒྱུན་སྒྱུ་རྩལ་དེ་རྒྱུད་རིམ་རང་བཞིན་གྱི་སྲུང་སྐྱོང་ཁྲོད་གསོན་ཤུགས་གསར་བ་རྒྱས་པའི་རེ་བ་ཡོད་ཅེས་བཤད།། ( རྟ་མགྲིན་རྡོ་རྗེས་བྲིས། )