མཆོད་པར་བརྗོད་པ།
མཚོན་བྱེད་བརྡ་རྟགས་བཀྲ་ཤིས་རྒྱུན་རིས་དག།
ཇི་བཞིན་རི་མོའི་ལམ་ནས་བྲིས་པ་རྣམས།།
རྒྱུན་འཛིན་མཛད་མཁན་རི་མོ་མཁས་པ་ལ།།
རྟག་ཏུ་སྒོ་གསུམ་གུས་པས་ཕྱག་བགྱིའོ།།
མེས་པོས་ཤུལ་བཞག་དམངས་ཁྲོད་རྒྱུན་རིས་དང་།།
སྨན་ལུགས་གསར་རྙིང་ཀརྨ་སྒར་བྲིས་སོགས།།
དམངས་ཁྲོད་ཐང་ཀ་གསར་སྐྲུན་བྱས་པ་ལ།།
ནམ་ཡང་གུས་པས་སྒོ་ནས་ཅིས་མི་འདུད།།
རྩོམ་པར་དམ་བཅའ་བ།
རང་གཞན་མཁས་པ་མང་པོའི་མཁོ་དགོས་ཆེད།།
རང་གིས་ནུས་ཚོད་ངོ་སྤྲོད་བྲིས་པ་རྣམས།།
རང་མཉམ་རྣམས་ལ་ཕན་པ་འབྱུང་སྙམ་ནས།།
རང་གིས་ཤེས་ཚོད་ཅུང་ཟད་འཆད་པར་སྤྲོ།།
ལེའུ་དང་པོ། མཚོན་བྱེད་བརྡ་རྟགས་རིག་པའི་སྤྱི་ཚུལ་མདོ་ཙམ་བརྗོད་པ།
༡ མཚོན་བྱེད་བརྡ་རྟགས་ཐོག་མར་དར་ཚུལ།
དེ་ཡང་མཚོན་བྱེད་བརྡ་རྟགས་ཀྱི་ཞིབ་འཇུག་ལ་བསམ་ན། དང་པོ་ནུབ་ཕྱོགས་ཀྱི་རིག་གཞུང་ཁྱབ་ཁོང་ནང་དུ་སྤྱི་ལོའི་དུས་རབས༡༩པའི་དུས་དཀྱིལ་དུ་ནང་རིག་པ་སྨྲ་བ་འགའི་ལྗགས་རྩོམ་ནང་རིག་གནས་ཀྱི་མཚོན་བྱེད་བརྡ་རྟགས་སྐོར་ལ་དཔྱད་གླེང་བགྱིས་པའི་སྐོར་ཐ་ཐོར་དུ་གསལ་བ་ཡོད་མོད། རེད་ཀྱང་མཚོན་བྱེད་བརྡ་རྟགས་སྐོར་ལ་ཆེད་དམིགས་ཀྱིས་ཞིབ་འཇུག་བྱས་པའི་གསུང་རྩོམ་གྱི་ཐོག་མར་དར་ས་ནི། དུས་རབས༢༠པའི་དུས་མགོར་ཧྥ་རན་སི་ནས་བྱུང་བ་ཡིན་པར་བཤད། སྤྱིར་ནུབ་ཕྱོགས་རིག་གཞུང་ཞིབ་འཇུག་གི་ཁྱབ་ཁོངས་སུ་མཚོན་བྱེད་བརྡ་རྟགས་ཞེས་པའི་ཆེད་སྤྱོད་ཐ་སྙད་དེ་ཐོག་མར་གླེང་མཁན་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པ་མཁས་ཅན་ཧེ་གེལ་ལ་སོགས་པ་ཡིན་པར་བཤད། ཁོང་ལྟར་ན། “མཚོན་བྱེད་བརྡ་རྟགས་ནི་ཐད་ཀར་དབང་ཤེས་ཀྱི་གཟུང་ཡུལ་དུ་བྱེད་ནུས་པའི་ཕྱི་དོན་ཞིག་ཡིན། དེ་ཡང་ཕྱི་དོན་དངོས་པོ་དེ་ཉིད་ལ་མི་སེམས་པར་དེས་གསང་བརྡའམ་ཤུགས་ལ་བསྟན་དོན་ཇི་འདྲ་ཞིག་སྟོན་མིན་ལ་བྱེད་དེ” ཞེས་དང་། དེའི་ཕྱིར་ན་ང་ཚོས་