༢ མཚོན་བྱེད་བརྡ་རྟགས་བོད་དུ་དར་ཚུལ།
མཚོན་བྱེད་ཀྱི་གྲུབ་ཆ་གཉིས་སུ་དབྱེ་དགོས་ཏེ། དང་པོ་ནི་བསྟན་དོན་དང་། གཉིས་པ་ནི་གཟུགས་ཅན་ཞིག་གོ། ཧེ་གེལ་གྱིས་ཡང་བཤད་དོན། “དེ་ལ་གཟུགས་ཅན་གང་ཞིག།བསྟན་དོན་ངེས་ཅན་ལྡན་ན་དེ་ལ་མཚོན་བྱེད་བརྡ་རྟགས་ཞེས་པའི་ཐ་སྙད་འདོགས་རིགས། འོན་ཀྱང་། དེ་འདྲའི་བསྟན་དོན་དེ་དཔེ་དང་དཔེ་ཅན་བཞིན་མངོན་གསལ་དོད་པོ་དང་མཐོང་རྒྱུ་ལས་སླ་མོ་ཞིག་ནི་མ་ཡིན།”ཞེས་གསུངས།དོན་དངོས་ཐོག་ཧེ་གེལ་གྱི་སྐད་ཆ་དུམ་བུ་གཉིས་ཀྱིས་ངེད་ཚོར་མཚོན་བྱེད་བརྡ་རྟགས་ཀྱི་གྲུབ་ཆར་གཏོགས་པའི་ཕྱི་ནང་གཉིས་ཀྱི་མཚོན་བྱེད་མ་ལག་གསལ་བར་བསྟན་ཏེ། ཕྱི་ལྟར་གྱི་མཚོན་བྱེད་མ་ལག་དང་། ནང་ལྟར་གྱི་མཚོན་བྱེད་མ་ལག་གོ །དེ་ལས་དང་པོ་ནི། ཕྱི་དོན་དུ་མངོན་ཞིང་། ལྟ་ཞིབ་བྱ་རུང་བ་ཞིག་སྟེ། ཕྱི་ལུས་བརྡའི་མཚོན་བྱེད་དང་། ཕྱི་དོན་བེམ་གཟུགས་ཀྱི་མཚོན་བྱེད། སྐད་བརྡའི་མཚོན་བྱེད། ཁ་དོག་གི་མཚོན་བྱེད། དེ་བཞིན་ཨང་ཀའི་མཚོན་བྱེད་ལ་སོགས་པ་རྟོགས་སླ་བ་རྣམས་ཡིན། གཉིས་པ་ནི། ལྐོག་གྱུར་དང་། ལྟ་ཞིབ་དཀའ་བ་སྟེ། མིའི་སེམས་ཁམས་ཀྱི་འདུ་ཤེས་སམ་རྟོག་ཡུལ་དུ་དོན་སྤྱིའི་ཚུལ་ལམ་དྲན་པའི་ཞིང་དུ་གསང་བའི་བརྡ་རྟགས་ཀྱི་ཚུལ་དུ་གབ་ཅིང་བག་ལ་ཞ་བའི་ལྐོག་གྱུར་གྱི་གནས་ཏེ། ཤིན་ཏུ་རྟོགས་དཀའ་བ་རྣམས་ཡིན།
ཧེ་གེལ་གྱིས་འདོད་པའི་མཚོན་བྱེད་བརྡ་རྟགས་ཞེས་པ་ཕྱི་སྣོད་ཀྱི་འཇིག་རྟེན་ནང་གྲུབ་པའི་བྱ་དངོས་ཁྱད་པར་བ་ཞིག་རྟགས་སམ་མཚོན་རྟགས་སུ་བཟུང་སྟེ། ལྐོག་གྱུར་གྱི་བསམ་པའི་རི་མོ་མཚོན་པར་བྱེད་པའི་དོན་ལྡོག་དེ་ལ་བྱའོ། དེ་ལ་སྔ་མ་ནི། ཕྱི་དོན་གྱི་མཚོན་བྱེད་བརྡ་རྟགས་ཡིན། ཕྱི་མ་ནི་མཚོན་བྱེད་དེས་མཚོན་པར་བྱེད་པའི་ལྡོག་ཡིན། ་མཚོན་བྱེད་བརྡ་རྟགས་དེ་རྣམས་ཀྱི་ནང་དུ་རྟོག་མེད་དབང་ཤེས་ཀྱི་ཡུལ་དུ་བྱེད་པའི་བྱ་དངོས་དེ་ཉིད་ལ་མཚོན་བྱ་ཅི་ཞིག་མཚོན་པར་བྱེད་པའི་དོན་དེ་ལྷན་སྐྱེས་ཀྱི་རང་བཞིན་དུ་གྲུབ་པར་འདོད། འདིའི་རྒྱུ་ཆ་ནི་དགེ་རྒན་ཆེན་མོ་ལྷག་པ་ཚེ་བརྟན་གྱིས་བརྩམས་པའི《སྣང་བྱེད།》ཅེས་པའི་ལྡེབ་མ༡༨ནས༢༠བར་ལས་བཏུས་པ་ཡིན། གཞན་ཡང་རྗེས་སུ་ཡོ་རོབ་དང་། ཨ་རི། ཉི་ཧོང་། འཇར་མན་སོགས་རྒྱལ་ཁབ་ཁག་གི་ནང་དུ་མཚོན་བྱེད་བརྡ་རྟགས་སམ་མཚོན་བྱེད་རིག་པའི་སྐོར་གྱི་ཞིབ་འཇུག་གནང་མཁན་མང་པོ་ཐོན་ཡོད་པ་ཡིན་མོད། བོད་ཀྱི་རིག་གནས་ཁྲོད་ཀྱི་མཚོན་བྱེད་བརྡ་རྟགས་སྐོར་ལ་ཆེད་དམིགས་ཀྱིས་ཞིབ་འཇུག་གནང་མཁན་ཅུང་ཟད་དཀོན་པོ་ཡིན་པར་བཤད། དཔེར་ན། ཨ་རིའི་བོད་རིག་པ་མཁས་ཅན་སྐུ་ཞབས་རོ་བེར་ཏྲེ་བིའར(Robert Beer)གྱིས《བོད་ཀྱི་མཚོན་བྱེད་བརྡ་རྟགས་དང་དེའི་ཁྱད་ཆོས་སྐོར་གྱི་ཤེས་བྱ་ཀུན་བཏུས།》ཞེས་པ་དང་།《བོད་དར་སངས་རྒྱས་ཆོས་ལུགས་ལས་མཚོན་བྱེད་བརྡ་རྟགས་སྐོར་གྱི་ལག་དེབ།》ཅེས་པའི་པོད་ཆེན་པོ་གཉིས་བརྩམས་ཤིང་། གཞན་ཡང《སངས་རྒྱས་རིགས་ལྔ།》 དང《དེ་བཞིན་གཤེགས་པའི་སྐུ་གསུམ།》《གསང་སྔགས་ཀྱི་རྩ་འཁོར།》སོགས་ཀྱི་ཆེད་རྩོམ་སྔ་ཕྱིར་དུ་མ་སྤེལ་ཡོད་ནའང་། དེ་རྣམས་ཕལ་ཆེར་བོད་དར་སངས་རྒྱས་ཆོས་ལུགས་ནང་གསལ་གྱི་ཆས་མི་འདྲ་བ་དང་། ལྷའི་ཕྱག་མཚན་མི་འདྲ་བ། མཆོད་པའི་ཡོ་བྱད་མི་འདྲ་བ་སོགས་དང་འབྲེལ་བའི་མཚོན་བྱེད་དམ་མཚོན་རྟགས་ཀྱི་གནད་དོན་ཁག་བརྗོད་བྱར་བྱས་ཏེ། དེ་རྣམས་ཀྱི་རྣ་གྲངས་དང་། རྐང་གྲངས་ལ་སོགས་པ་ངོ་སྤྲོད་གསལ་བཤད་གཙོ་བོར་བྱས་པ་ལས་མཚོན་བྱེད་བརྡ་རྟགས་དེ་རྣམས་ཀྱིས་མཚོན་དོན་ཟབ་མོ་ཇི་དང་ཇི་འདྲ་མཚོན་ཚུལ་གྱི་སྐོར་ཞིབ་ཕྲ་གླེང་མི་འདུག་ཅེས་མཁས་པ་ཚོས་གསུངས། སྤྱིར་མཚོན་བྱེད་བརྡ་རྟགས་ཀྱི་གྲུབ་ཆ་ནི། ཁ་དོག་དང་དབྱིབས་གཉིས་ལས་གྲུབ་པའི་གཟུགས་ཀྱི་སྐྱེ་མཆེད་ཡིན། དེ་ཡང་ཡིན་ཏེ། འཛམ་བུ་གླིང་འདིར་མཚོན་བྱེད་བརྡ་རྟགས་ཀྱི་རིག་གནས་བྱུང་འཕེལ་སྐོར་ལ་བསམ་ན། མཚོན་བྱེད་བརྡ་རྟགས་ཕལ་མོ་ཆེ་ནི་མིག་ཤེས་ཀྱི་གཟུང་བྱར་གྱུར་པའི་གཟུགས་ཀྱི་སྐྱེ་མཆེད་ཁོ་ན་ལས་གྲུབ་པར་ངེས་པས་འདིར་དེ་ཡི་སྒོ་ནས་བཤད་བྱ་ཞིག་ཡིན་པར་བཤད་དོ།།
དེ་ཡང་བོད་དར་བཤད་པ་ལ་དོན་ཚན་གསུམ་སྟེ། འཇར་མན་ན་བཞུགས་པའི་བོད་ཀྱི་མཁས་པའི་རྩོམ་ཡིག་ངོ་སྤྲོད་དང་། བོད་རང་ས་ཡོད་པའི་མཁས་པའི་རྩོམ་ཡིག་གི་ངོ་སྤྲོད། ཁོ་བོའི་རྩོམ་ཡིག་གི་ནང་དོན་གནད་བསྡུས་དང་གསུམ་ལས།
༣ འཇར་མན་ན་བཞུགས་པའི་བོད་ཀྱི་མཁས་པའི་རྩོམ་ཡིག་ངོ་སྤྲོད།
དེང་སང་བོད་རིག་པའི་ཁྱབ་ཁོངས་སུ་བོད་ཀྱི་རིག་གནས་ཁྲོད་མཚོན་བྱེད་བརྡ་རྟགས་སྐོར་གྱི་ཞིབ་འཇུག་ཅེས་པ་ས་བོན་ནས་མྱུ་གུའི་གནས་སྐབས་སུ་ཁ་ཕྱོགས་པ་ལྟ་བུ་ཞིག་ཡིན་ཞིང་། ལྷག་པར་དུ་རྒྱལ་ནང་བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་སུ་ཚུལ་དེར་དཔྱད་ཞིབ་རྒྱས་གླེང་གནང་མཁན་ཉིན་མོའི་སྐར་མར་ཅོ་འདྲི་བར་སེམས་ཏེ། དེའི་ཐད་དམིགས་བཀར་གྱི་ཆེད་རྩོམ་རྒྱས་པ་མཐོང་རྒྱུ་དཀོན་པའི་ཕྱིར། ཐ་ཐོར་སྣང་རྒྱུ་ཡོད་པ་ལས་མཚོན་བྱེད་ཙམ་ཞུས་ན། དུས་རབས་ཉི་ཤུ་པའི་དུས་མཇུག་ཏུ་འཇར་མན་ན་བཞུགས་ཡོད་པའི་མི་ཉག་གི་བོད་རིག་པ་མཁས་ཅན། བྲག་གཡབ་སྐྱབས་མགོན་བློ་ལྡན་ཤེས་རབ་ཀྱིས་ཐོག་མར་བོད་དར་སངས་རྒྱས་ཆོས་ལུགས་ནང་གསལ་མཚོན་རྟགས་འགའ་ཞིག་ཕྱོགས་བསྡུས་ཀྱིས་བོད་བརྒྱུད་ནང་བསྟན་རིག་གནས་ཁྲོད་ཀྱི《མཚོན་བྱེད་བརྡ་རྟགས་སྐོར་གྱི་ཞིབ་འཇུག—བརྡ་རྟགས་དགུ་ཚོགས་ཀྱི་ཞིབ་འཇུག》ཅེས་པའི་ལག་དེབ་བརྩམས་ཤིང་། དེའི་ནང་མཚོན་བྱེད་བརྡ་རྟགས་སྐོར་གྱི་ཐ་སྙད་དེ་ཐོག་མར་བེད་སྤྱད་བྱས་ཡོད་པ་དང་སྦྲགས་དོན་འགྲེལ་ཡང་ཅུང་ཟད་བྱས་ཡོད། དེ་རྗེས་ཁོང་གིས་ཡང་གླིང་སྒྲུང་ནང་གི《མཚོན་བྱེད་སྐོར་གྱི་གནད་དོན་ལ་དཔྱད་པ།》ཞེས་པའི་ནང་དུ་བོད་ཀྱི་རིག་གནས་ཁྲོད་ཀྱི་མཚོན་བྱེད་བརྡ་རྟགས་ཞེས་པ་སྲོལ་རྒྱུན་བོད་ཀྱི་རིག་གནས་ཆེ་བ་ལྔའི་ནང་ཚན་གྱི་བཟོ་རིག་པའི་ཁོངས་སུ་གཏོགས་ཚུལ་གསུངས་ཡོད། རེད་ཀྱང་དེའི་སྐོར་འགྲེལ་བཤད་གང་ཡང་གནང་མེད་པས་བློ་ཅུང་ཟད་ཕམ་སོང་ཞེས་དགེན་ལྷག་པ་ཚེ་བརྟན་གྱིས་གསུངས་སོ།།
༤ བོད་ཀྱི་མཚོན་བྱེད་བརྡ་རྟགས་སྐོར་གྱི་རྩོམ་ཡིག་ངོ་སྤྲོད།
བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། བོད་རིག་པའི་འབུམ་རམས་པ། འབུམ་རམས་པའི་མཛུབ་ཁྲིད་སློབ་དཔོན་ལྷག་པ་ཚེ་བརྟན་གྱིས་བརྩམས་པའི《མཚོན་བྱེད་བརྡ་རྟགས་དེ་ཉིད་སྣང་བྱེད་ཅེས་བྱ་བ་བཞུགས་སོ།》ཞེས་པའི་ནང་དོན་གནད་བསྡུས་ནི། བོད་ཀུན་རྟོག་བློ་ཡི་ཞིང་ཁམས་ཡང་མོར་ཁ་དོག་རྐྱང་པའི་ལུགས་ཀྱི་མཚོན་བྱེད་བརྡ་རྟགས་རྣམས་དང་། ཁ་དོག་ལྟོས་གྲུབ་ཆ་སྒྲིག་གི་མཚོན་བྱེད་བརྡ་རྟགས། དེ་བཞིན་ཁ་དོག་སྣ་གསུམ་ཚོ་སྒྲིག་གི། ཁ་དོག་སྣ་བཞི་ཚོ་སྒྲིག་གི། ཁ་དོག་སྣ་ལྔ་ཚོ་སྒྲིག་གི། ཁ་དོག་སྣ་དྲུག་ཚོ་སྒྲིག་གི་མཚོན་བྱེད་བརྡ་རྟགས་ལ་སོགས་པ་དང་། དེ་དག་དང་འབྲེལ་བའི་ མཚོན་པར་བྱ་བ་རིག་གནས་ཀྱི་ཟབ་གནད་ཇི་ཡོད་ཚུལ་འདིར་མཚམས་སྦྱོར་བྱས་པ་བརྒྱུད། ང་རང་བོད་ཀྱི་ལོ་རྒྱུས་ཐོག་ཁ་དོག་གིས་སྨྱན་བྱེད་ལ་བརྟེན་པའི་མཚོན་བྱེད་བརྡ་རྟགས་ལ་འཛིན་པའི་ལྟ་བར་ཕྱིར་འདང་ཞིག་བརྒྱབ་ན། དེ་ལ་གཏན་འཇགས་ཀྱི་རང་བཞིན་ལྡན་པ་གང་ཞིག།བརྒྱུད་འགྱུར་གྱི་རང་བཞིན་ཡང་ལྡན་ཡོད་པ་གསལ་པོར་རྟོགས་ཐུབ་པ་ཡིན་ཞིང་། ཁོང་གི་དཔེ་ཆ་ལ་ང་རང་གིས་དཔེ་ཀློག་ཚར་གཅིག་བྱས་པ་ཡིན། ནང་དོན་དང་འགྲེལ་བཤད་བཅས་གང་ས་ཅིའི་ཐད་ལ་བལྟས་ན་ཧ་ཅང་ཡག་པོ་རེད། གསུང་རྩོམ་དེས་དམངས་སྲོལ་རིག་གནས་ཀྱི་འཕེལ་རྒྱས་ཐད་ལ་ལེགས་སྐྱེས་ཕུལ་བ་རྐྱང་རྐྱང་ཙམ་མ་ཡིན་པར། ད་ལྟ་འཚར་ལོངས་དང་སྐྱེད་སྲིང་བྱེད་བཞིན་པའི་བོད་ཀྱི་རིག་གནས་དང་། གངས་ལྗོངས་ཀྱི་ཁ་དོག་གི་མཚོན་བྱེད་བརྡ་རྟགས་ལའང་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུའོ།།
༥ རང་ཉིད་ཀྱི་རྩོམ་ཡིག་གི་ནང་དོན་གནད་བསྡུས།
ལེའུ་དང་པོ་ལ་མཚོན་བྱེད་བརྡ་རྟགས་རིག་པའི་སྐོར་དང་། ལེའུ་གཉིས་པ་ལ་རླུང་རྟ་སྡེ་བཞིའི་འགྲེལ་བཤད། ལེའུ་གསུམ་པ་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་འགྲེལ་བཤད། ལེའུ་བཞི་པ་ལ་རྒྱལ་སྲིད་སྣ་བདུན་གྱི་འགྲེལ་བཤད། ལེའུ་ལྔ་པ་ལ་ཚེ་རིང་རྣམ་དྲུག་དང་ནོར་བུ་ཆ་བདུན་གྱི་འགྲེལ་བཤད། ལེའུ་དྲུག་པ་ལ་མཐུན་པ་སྤུན་བཞི་དང་འདོད་ཡོན་ལྔའི་འགྲེལ་བཤད། ལེའུ་བདུན་པ་ལ་མི་མཐུན་གཡུལ་རྒྱལ་དང་བོད་རྒྱ་དབྱིན་གསུམ་ཤན་སྦྱར་མིང་གི་སྐོར། དཔྱད་གཞིའི་ཡིག་ཆ་དང་མཇུག་གཏམ་བཅས་ཆ་ཚང་བ་བཀོད་ཡོད། ཞར་བྱུང་མིག་སྔར་གྱི་བོད་ཀྱི་རྩོམ་ཡིག་ལ་མཚོན་ན《བོད་ཀྱི་མཚོན་བྱེད་བརྡ་རྟགས་རིག་པ།》རྩོམ་པ་པོ་དང་པོ་ནི་བྲག་གཡབ་སྐྱབས་མགོན་བློ་ལྡན་ཤེས་རབ་ཚང་རེད། རྩོམ་པ་པོ་གཉིས་པ་ནི་དགེ་རྒན་ཆེན་མོ་ལྷག་པ་ཚེ་བརྟན་ལགས་རེད་སྙམ། རྗེས་སུ་དེའི་སྐོར་ལ་བོད་ཀྱི་ཆེད་མཁས་པའི་རྩོམ་པ་པོ་མང་པོ་ཞིག་ཐོན་ཐུབ་པའི་སྨོན་མདུན་ཞུ། དུས་རབས་ཉི་ཤུ་པའི་དུས་མཇུག་ཙམ་ལ་རྒྱལ་སྤྱིའི་བོད་རིག་པའི་ཁྱབ་ཁོངས་སུ་བོད་སྐད་ཀྱི་ལམ་ནས་མཚོན་བྱེད་བརྡ་རྟགས་ཞེས་པའི་ཐ་སྙད་དེ་གསལ་བ་ནས་མགོ་བརྩམས་ཏེ་ད་བར་ལོ༣༠ལྷག་སོང་ཡོད་པར་བཤད། སྤྱིར་བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་དུས་རིམ་ལོ་རྒྱུས་ལ་དཔགས་ན། མ་མཐའ་ཡང་ལོ་ངོ༤༠༠༠ལྷག་ཙམ་གྱི་ལོ་རྒྱུས་ཡོད་ཅེས་ཁ་ཚོན་གཅོད་ཐུབ་ཅེས་བོད་ཀྱི་མཁས་པ་ལྷག་ཚེས་གསུངས་པ་ལྟར་རེད། དེ་ཡང་བོད་ཀྱི་རིག་གནས་ཀྱི་མཆེད་ཁུངས་ཆར་གཏོགས་ཞང་ཞུང་རིག་གནས་ཀྱིས་གཞིར་བྱས་ཤིང་། བོད་ཀྱི་རིག་གནས་ཀྱི་རྨང་རྡོ་ལྟ་བུ་ཡོད་ཆོག་པའི་གཡུང་དྲུང་བོན་མ་དར་སྔོན་ནས་མཚོན་བྱེད་ཀྱི་སྲོལ་རྒྱུན་ཞིག་གྲུབ་ཡོད་པ་རེད་སྙམ་མོ།།
༦ རྒྱལ་ནང་འཇང་གི་མཁས་པ་པད་སྒང་འཁྲུངས་ཀྱི་
རྩོམ་ཡིག
དེ་ཡང་རྒྱལ་ནང་གི་འཇང་གི་རིག་གནས་ལ་ཞིབ་འཇུག་པ་སྐུ་ཞབས་པད་སྒང་འཁྲུངས(白庚胜)ཀྱིས་འཇང་གི་རིག་གནས་དང་འབྲེལ་བའི་ཁ་དོག་རིག་པ་དང་། མཚོན་བྱེད་བརྡ་རྟགས་རིག་པའི་སྐོར་ལ་ཞིབ་འཇུག་གཏིང་ཟབ་མོ་བྱེད་མྱོང་བར་མ་ཟད་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་ཞིག་ཐོབ་ཡོད། ཁོང་གི་རྩོམ་ཡིག་ལ་མཚོན་ན།《གཏོ་པ་ལུགས་ཀྱི་ལྷ་སྒྲུང་གི་མཚོན་བྱེད་སྐོར་གླེང་བ།》དང་།《ཁ་དོག་དང་འཇང་ངམ་ནག་གཤིན་གྱི་དམངས་སྲོལ།》《རྒྱལ་སྤྱིའི་གཏོ་པའི་རིག་གནས་ཀྱི་ཉིང་ཁུ།》ཞེས་པ་སོགས་མཚོན་བྱེད་བརྡ་རྟགས་དང་འབྲེལ་ཡོད་ཀྱི་གསུང་རྩོམ་རྣམས་མཛད་ཡོད། དེ་ཡང་། དགེ་རྒན་ཆེན་མོ་ཀྲུང་ཅིང་ཝེན(钟敬文)གྱིས་ཁ་དོག་དང་འཇང་ངམ་ནག་གཤིན་རིགས་ཀྱི་དམངས་སྲོལ། ཞེས་པའི་དཔྱད་རྩོམ་དེར་བལྟས་རྗེས་ཚད་མའི་ལམ་ནས་ངེས་པ་འདྲོང་སྟེ་ཡིད་ཆེས་ཀྱི་གཏམ་འདི་ལྟར་གསུངས། “གསུང་རྩོམ་དེས་དམངས་སྲོལ་རིག་པའི་འཕེལ་རྒྱས་ཐད་ལ་ལེགས་སྐྱེས་ཕུལ་བ་ཙམ་ཁོ་ན་མ་ཡིན་པར། ད་ལྟ་འཚར་ལོངས་དང་སྐྱེད་སྲིང་བྱེད་བཞིན་པའི་ནག་གཤིན་གྱི་རིག་པ་དང་། ཀྲུང་གོའི་ཁ་དོག་གི་མཚོན་བྱེད་རིག་གནས་ལའང་རྨང་གཞིའི་རྩིག་གདན་བརྟན་པོ་ཞིག་བཏིང་ཡོད་པའི་བྱས་རྗེས་བཞག་ཡོད།” ཅེས་གསུངས་སོ།།
དེའི་ཐད་ལ་ཁོ་བོས་བསམ་ཚུལ་བརྗོད་ན། འཇང་གི་ནག་གཤིན་རིགས་ནི་གནའ་སྔ་མོ་ནི་བོད་ཀྱི་མི་ཉག་རྒྱལ་པོའི་ཁོངས་གཏོགས་ཤིག་ཡིན་པས། འཇང་རིགས་ཀྱི་རིག་གནས་ཀྱི་མཚོན་བྱེད་བརྡ་རྟགས་ལ་དངོས་སུ་དཔྱད་གླེང་གནང་བའི་བརྒྱུད་རིམ་ནང་དུ། ངང་ངམ་ཤུགས་ཀྱིས་བོད་ཀྱི་རིག་གནས་དང་འབྲེལ་བའི་ཁ་དོག་གི་མཚོན་བྱེད་བརྡ་རྟགས་འགའ་ཞིག་ལ་དཔྱད་ཞིབ་ཡག་པོ་གནང་ཡོད་པ་དེས་བོད་ཀྱི་རིག་གནས་ཁྲོད་ཀྱི་མཚོན་བྱེད་བརྡ་རྟགས་ལ་ཞིབ་འཇུག་བྱེད་པའི་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་བྱེད་སའི་གཞུང་ལམ་ལྟ་བུ་ཞིག་ཏུ་གྱུར་ཡོད་རེད་སྙམ་མོ།།
མདོ་ཧྲིལ་གྱིས་དྲིལ་ནས་བཤད་ན། ད་ལྟ་ང་རང་གི་ལག་སོན་བྱུང་བའི་ཡིག་ཆ་ལ་བསམ་ཚེ། རྒྱལ་ནང་གི་བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་ཡིན་ནའང་འདྲ། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་ཡིན་ཡང་འདྲ། སུ་ཞིག་གིས་ཀྱང་བོད་ཀྱི་རིག་གནས་ཁྲོད་མཚོན་བྱེད་བརྡ་རྟགས་སྐོར་གྱི་རིག་པའི་ཕྲ་ཞིབ་གནད་དོན་ལ་ད་བར་ཅུང་ཟད་ཞིབ་རྒྱས་གྱི་ཚུལ་དུ་ཞིབ་འཇུག་བྱས་མེད། དེས་ན་ཚུལ་དེར་ཞིབ་འཇུག་བྱེད་པར་ཕྱོགས་ཚེ་ཐོག་མར་མཚོན་བྱེད་བརྡ་རྟགས་ཞེས་པའི་བསྟན་དོན་དེ་ཉིད་ལ་ཚད་མའི་ངེས་པ་ཞིག་སྐྱེ་དགོས་པ་ནི་སྨྲོས་མ་དགོས་པ་ཡིན་ནོ།།
དེ་ཡང་། བོད་རིག་པའི་རིག་གཞུང་དཔྱད་གླེང་གི་ལོ་རྒྱུས་ཐོག་མཚོན་བྱེད་བརྡ་རྟགས་ཞེས་པ་དེ་ཐ་སྙད་གསར་པ་ལྟར་སྣང་མོད། རྩོམ་རིག་དང་། ཆོས་ལུགས་རིག་པ། མིའི་རིགས་ཀྱི་རིག་པ། མི་རིགས་རིག་པ། སེམས་ཁམས་རིག་པ། དམངས་ཁྲོད་རིག་པ། སྤྱི་ཚོགས་རིག་པ། མཚན་ཉིད་རིག་པ་སོགས་ཀྱི་གཞུང་ལུགས་རབ་དང་རིམ་པའི་མཚོན་བྱེད་བརྡ་རྟགས་སྐོར་གྱི་བརྡ་དང་ཐ་སྙད་དམ་བརྗོད་བྱའི་སྐོར་གསལ་བ་ཐོ་རེ་བ་ཞིག་མཆིས་པ་ནི་གནད་དེར་དོ་སྣང་ཡོད་མཁན་རྣམས་ཀྱིས་ཤེས་རྒྱུའང་གལ་ཆེན་པོ་ཞིག་རེད་སྙམ་མོ།།
༧ མཚོན་བྱེད་བརྡ་རྟགས་ཀྱིས་ཤུགས་རྐྱེན་ཐེབས་ཚུལ།
དེ་ཡང་མཚོན་བྱེད་བརྡ་རྟགས་
༨ དམངས་ཁྲོད་རི་མོའི་སྤྱོད་སྒོ་དང་རྒྱུ་ཆའི་སྐོར།
སྐོར་ལ་མང་ཙམ་བཤད་སྟངས་ཡོད་ཀྱང་། ཕྱི་རྒྱལ་གྱི་མཁས་པ་ཆེན་པོ་མན་ལིན་རོ་ཡི་གནད་ལ་ཁེལ་བའི་གསུངས་བཤད་ལྟར་ན། དམངས་ཁྲོད་ཀྱི་རྣམ་པ་དང་། དམིགས་ཡུལ། མཚོན་རྟགས། སྡོད་སྟངས། ལག་བརྡ། ཁ་ཕྱོགས། གྲངས་ཀ། བརྗོད་སྟངས། དེ་བཞིན་འགུལ་བསྐྱོད་དང་སྐད་སྒྲ་རབ་དང་རིམ་པ་སོགས་གང་ཞིག་ལའང་དེ་དག་གི་རང་ངོས་ཀྱི་དོན་སྙིང་ལྡན་ཡོད་པར་མ་ཟད། ད་དུང་ཁོང་གིས་གཞན་དག་གི་ཆ་ཤས་དག་བྱེད་སྟངས་ག་གེ་མོ་ཞིག་གི་ཐོག་ནས་ཕན་ཚུན་འབྲེལ་བ་བྱེད་ཀྱི་ཡོད་ཅེས་གསུངས། དེའི་སྐོར་གྱི་དཔེ་བརྗོད་གོ་སླ་མོ་ཞིག་བཞག་ན། གལ་ཏེ་ང་ཚོ་བོད་རིགས་ཤིག་མཚོན་རྟགས་དཀར་པོ་ཞིག་དང་འཕྲད་ཚེ་དྲན་སྒོ་མང་པོ་ཡོང་སྲིད་དེ། རང་ཉིད་ཀྱི་ཁང་པ་དཀར་པོ་དང་། གངས་རི་དཀར་པོ། སྤྲིན་དཀར་པོ། ཁ་བཏགས་དཀར་པོ། ས་སྨྱུག་རི་མོ། གྲོ་རྗེན་རི་མོ། རྡོ་དཀར་རི་མོ། སྣོད་བྱེད་བཅས་དང་། དེ་བཞིན་དུ་མཛད་སྒོའི་ཐོག་སྤྱོད་པའི་ཟ་མའི་རིགས་ལ། འོ་མ་དང་། ཞོ། ཕྱུར་བ། མི་ཉག་ཏུ་དར་བའི་བཟོས་པའི་ཨ་པུས་དང་། སྐྱར་ལོག ཟོ་ཤེ། བུན་ཐུད། དེ་བཞིན་དུ་རྩམ་པ་དཀར་པོ་བཅས་ཚང་མར་དྭངས་གཙང་དང་། ཞི་བདེ། འཆམ་མཐུན། བསམ་པ་དཀར་པོ། བསོད་ནམས་ཆེན་པོ་བཅས་ཀྱི་དོན་སྙིང་ལྡན་པའི་ལྗང་མདོག་ཅན་གྱི་ཟ་མ་སོགས་མཚོན་བྱེད་ཀྱིས་ཤུགས་རྐྱེན་ཐོན་སྲིད་པ་རེད།
བོད་རང་ངོས་ནས་བཤད་ན། མཚོན་རྟགས་ནི་ང་ཚོའི་ནང་སྙིང་དང་ཕྱིའི་བར་གྱི་འབྲེལ་བ་དང་། བསམ་པའི་བྱེད་སྒོ། ཁྱད་ཆོས་མཚོན་ཚུལ་སོགས་དབར་གྱི་འབྲེལ་བ་གསལ་བཤད་བྱེད་པའི་མཚོན་རྟགས་ཤིག་ཡིན་པས་ང་ཚོས་དེ་ཤེས་རྟོགས་ཐུབ་རྒྱུར་ཕན་པ་ཆེན་པོ་ཡོད། ཤེས་པ་དེའི་དབང་གིས་དེ་ལས་ལྡོག་སྟེ་ང་ཚོས་དོན་དངོས་ལ་ཤུགས་རྐྱེན་གཏོང་ཐུབ་པར་མ་ཟད། ཐ་ན་དེའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཀྱང་རེད། ཤེས་ཚོར་བྱུང་བའི་རྒྱུ་རྐྱེན་ཚང་མ་མཚོན་རྟགས་ཤིག་ཡིན་ལ། དེ་དག་དང་སྤྱིར་བཏང་དང་། ཡོངས་ཁྱབ་ཏུ་སྤྱོད་པ། དེབ་འདིའི་ནང་གི་མཚོན་བྱེད་བརྡ་རྟགས་ཀྱི་ངོ་བོའི་ཐོག་ལ་ཁྱད་པར་མེད་པས། ང་ཚོར་དེའི་ཐད་ནས་བློ་སྟོབས་དང་ཡིད་ཆེས་ཐོབ་རྒྱུ་ཡོད་ལ། ང་ཚོའི་བྱེད་སྒོ་ལའང་མཐོང་ཆུང་བྱེད་མི་རུང་བའི་དགེ་མཚན་ལྡན་པའི་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པ་ནི་ཐེ་ཚོམ་མེད་པ་ཞིག་རེད། ཡིད་ཆེས་དེ་ལ་རིགས་གསུམ་དུ་དབྱེ་ཆོ་སྟེ། ཟོལ་མེད་ཀྱི་ཡིད་ཆེས་དང་། དྭངས་གཙང་གི་སེམས་ཁམས་ལས་བྱུང་བའི་ཡིད་ཆེས། རྒྱལ་ཁ་ཐོབ་པའི་ཡིད་ཆེས། ཡིད་ཆེས་ལས་བྱུང་བའི་ཡིད་ཆེས། དེ་བཞིན་དུ་ད་ལྟ་ཡིད་རྟོན་ཐོབ་རེ་བྱེད་པ་ནི་རེ་འདོད་ཀྱི་ཡིད་ཆེས་ལས་བྱུང་བ་ལྟ་བུ་སོགས་ཡིན་ནོ།།
དེ་དག་གི་སྤྱོད་ཡུལ་ལ་མཚོན་ན་གཉིས་ཏེ།
(ཀ) རྒྱལ་ཁབ་ཀྱི་ཏང་དང་སྲིད་གཞུང་གི་ཚོགས་ཁང་ཆེ་ཆུང་དང་། གཞུངས་ལས་ཁང་། ཁྱིམ་ཚང་སོ་སོའི་གྱང་ངོ་དང་རྩིག་པའི་ངོས་དང་ཀ་བའི་ངོ་སོགས་ལ་སྦྱར་ཆོག་པ་ཡིན་པར་མ་ཚད། མི་རང་རང་དང་ལས་ཁུངས། སྤྱི་གཉེར་ཁང་། རྒྱལ་ཁབ་དང་རྒྱལ་ཁབ་སོགས་ཀྱི་བར་ལ། རྔན་པ་དང་བྱ་དགའི་ལག་རྟགས་སྤྲད་རྒྱུ་ལའང་ཤིན་ཏུ་མཁོ་གལ་ཆེ་བའི་རི་མོ་ཞིག་ཡིན་ནོ།།
(ཁ) ཆོས་ལུགས་ཀྱི་ནང་དུ་དམངས་ཁྲོད་རི་མོ་རྣམས་སིམ་འཛུལ་བྱས་རྗེས། ད་ལྟ་ཆོས་ལུགས་ཀྱི་ནང་དུའང་མཆོད་པའི་ཡོ་བྱད་སོགས་སྤྱོད་སྒོ་དུ་མ་ཡོད་ཀྱང་འདིར་ཡི་གེ་མང་བར་དོགས་ནས་མ་བྲིས་སོ། །ཞར་བྱུང་བོད་དམངས་ཁྲོད་ཀྱི་རི་མོ་རྣམས་ཀྱི་རྒྱུ་ཆ་ནི། གསེར་དང་དངུལ། ཟངས་དང་རག།ཀོ་བ་དང་རས། ཤོག་གུ། རྡོ་དང་ལྕགས། ཆུ་ཤེལ། ཤིང་སོགས་ཀྱི་མཚོན་བྱེད་བརྡ་རྟགས་དེ་དག་གི་རིགས་ལ་མི་འདྲ་བ་བླུགས་པ་དང་། མགར་བ། རྡོ་དང་ཤིང་ལ་རྐོས་རྒྱབ་པ། རི་མོ་བྲིས་པ། གོས་ཆེན་གྱི་འཐག་དྲུབ་བྱས་པ་སོགས་སྣ་ཁ་དུ་མ་ཞིག་ཡོད་པ་ཡིན་ནོ།། ( མུ་འགོད། )