དབྱར་ཁའི་སྤང་ལ་འཆམ་འཆམ་སོང་སྟེ། །
རང་སེམས་ལྷོད་ཅིང་དལ་བུར་གནས་དུས། །
སྙན་ཚིག་མགུལ་རྒྱན་ཆེ་ཞིག་བསླས་ནས། །
དབྱངས་ཅན་མཁའ་འགྲོ་རྟག་ཏུ་འཚོལ་ཡོད། །
སྦྲང་རྩིའི་བཅུད་ལ་བུང་བ་འཁོར་འཁོར། །
ལྡེམ་ལྡེམ་ལུས་ལ་མེ་ཏོག་བཞད་བཞད། །
ཚོར་འདུའི་དབྱངས་ལ་བདག་ཀྱང་སྤྲོ་སྤྲོ། །
འཇིག་རྟེན་སྒྱུ་མའི་སྣང་བརྙན་མཚར་བ། །
འདབས་ན་འཁྱིལ་བ་མ་དྲོས་མཚོ་མོ། །
མཚོ་ལ་རང་འཁོར་ངང་ཆུང་དཀར་པོ། །
གཟུགས་བཟང་ལང་ཚོའི་མཛེས་པ་ངོམ་ནས། །
ཕལ་བའི་ཡིད་འདི་དབང་མེད་འཕྲོགས་སོང་། །
རྒྱ་ལྕང་ལོ་མའི་བསིལ་ལ་ཁེན་བཞིན། །
རྒྱང་རིང་ཆུ་བོར་མིག་གིས་ལྟ་དུས། །
ཐོལ་བྱུང་སྙན་ཚིག་ངག་ལ་གྱེར་གྱེར། །
འཚོ་བའི་མལ་ནས་སྐྱིད་ཅིག་མཐོང་བྱུང་། །
ལྷ་མོའི་ཐུགས་བསྐྱེད་ཡིད་ལ་དྲན་དྲན། །
མདུན་གྱི་ལམ་འཕྲང་འཛེམས་མེད་བགྲོད་བགྲོད། །
གོམ་མཚམས་མེད་པར་སྙན་ངག་འབྲི་འབྲི། །
བདག་པོ་ཉིད་ཀྱི་གཤིས་སུ་ཆགས་ཡོད། །
བརྩེ་བའི་སེམས་ལ་གཡོ་སྒྱུས་གོས་མེད། །
དུང་བའི་ཉམས་སུ་བསླུ་བྲིད་དབེན་པ། །
ཞེ་ནས་འདྲིས་པའི་མཛའ་མཐུན་སྙིང་སྡུག །
དབྱངས་འདི་ཁྱོད་ཀྱིས་གསན་ཙམ་གནོངས་དང་།
འདི་ན་ང་དང་ཁེར་རྐྱང་འཁྱམ་པོའི། །
དགའ་སྐྱོའི་གླུ་གཞས་ཧ་ཅང་མོད་པས། །
སྙན་དང་མི་སྙན་གླེང་ཚོད་དཀའ་ཡང་། །
ལན་ཅིག་བཞེས་པས་ཐུགས་ལ་གསལ་ཡོང་། །
ཁེར་རྐྱང་གོམ་པ་རྒྱང་རིང་སྤོས་ནས། །
ཕུགས་ཀྱི་འདུན་མར་རེ་བ་འཆང་ཡོད། །
ལས་ཀྱི་ལམ་ནས་འཆི་བ་ལས་གཞན། །
གང་དུ་འཕྲད་ཀྱང་སྙིང་སྟོབས་མི་ཞུམ། །
༼ ཁམས་ཟླ་སྲས། ༽