国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབྱར་ཉི་ལྡོག།

ད་ནངས་ཞོགས་པར་གྲོགས་པོ་ཞིག་གིས་སྐད་འཕྲིན་ནང་ཡི་གེ་བསྐུར་ཡོང་སྟེ། ཅི་ཡིན་འདི་ཡིན་མེད་པར་དེ་རིང་དབྱར་ཉི་ལྡོག་ཚེས་འདུག་ཟེར། དེ་མུར་ངས་ལི་ཐོ་ལ་བལྟས་པ་ན། ཁོ་རང་འཆུགས་མི་འདུག། དེ་རིང་ཏག་ཏག་དབྱར་ཉི་ལྡོག་ལ་ཁེལ་འདུག། ངས་གྲོགས་པོ་གང་དེར“ཨོ་ཨོ”ཞེས་ལན་ཧ་ཅང་སྟབས་བདེ་ཞིག་ལས་གཞན་ཅི་ཡང་མ་བཤད། བསམ་དབང་དྲན་ལོང་མེད་པར་གློ་བུར་ང་ཚོ་ཐུན་མོང་ལ་དབང་བའི་འཇིག་རྟེན་འདིའི་པང་དུ་དབྱར་ཉི་ལྡོག་ཚེས་པ་ཤེས་འཕྲལ། རེ་ཞིག་ངའི་དྲན་ཤེས་ཡོད་ཚད་བག་ལ་འཁུམས་ཏེ་ཡུད་ཙམ་ལ་ཧད་དེར་ལུས་སོང་། དངོས་གནས་དུས་ཚོད་ནི་མྱུར་བ་ལ་ཨང་། དབྱར་ཉི་ལྡོག་ཚེས་པའི་དུས་ལ་སླེབས་བྱུང་།

ད་ནངས་ནམ་གསལ་མ་ཐག་ནས་ཆར་པ་འབབ་ཀྱིན་འདུག། རི་ལུང་ཡོད་ཚད་སྨུག་པས་བཏུམས་ནས་ཆར་པ་འབབ་ཀྱིན་འདུག། སྤྱིར་ན་ང་རང་ཆར་བ་ལ་དགའ་པོ་ཞེ་དྲགས་ཡོད། དྲག་ཆར་ཧ་ཅང་ཆེན་པོ་འབབ་པ་དེ་འདྲ་མིན་ཚེ། ང་རང་ཆར་ཁྲོད་དུ་འགྲེངས་ནས་ངོ་གདོང་ཧྲིལ་པོ་ཆར་ཐིགས་ཀྱིས་རློན་བཅུག་པར་རབ་ཏུ་སྤྲོ་ཞིང་། ཆར་ཁྲོད་ནས་བྱིས་པ་བསམ་མེད་ཅིག་དང་འདྲ་བར་རྩེད་དགོད་ཀྱིས་མཆོང་རྒྱུག་བྱེད་པར་ཤིན་ཏུ་མོས། རྒྱུ་མཚན་དམིགས་བསལ་བ་ཅི་ཡང་འདྲེན་དུ་མེད་ན་ཡང་། དེ་རིང་དབྱར་ཉི་ལྡོག་ཡིན་པ་ཤེས་རྗེས། ཆར་པ་ལའང་ཡི་ག་མེད་པ་ཞིག་ཏུ་གྱུར་འདུག། མ་གཞིར་བདེ་བ་དང་སྡུག་བསྔལ། སྤྲོ་བ་དང་སྨྲེང་སྐྱོ། འདུ་འབྲལ་དང་ཐོབ་ཤོར་བཅས་ནི་རྒྱུ་མཚན་ཞིག་གིས་བསྐྱེད་པ་མིན་པར་འདུག་བསམ་དུས་འདུག་ཅིང་། འགྲོ་དྲན་དུས་ཁ་རོག་གེར་བུད་འགྲོ་བའི་མི་ཞིག་དང་འདྲ་བོ་འདུག།

སྔ་དྲོའི་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་དུ། ཆར་པ་ཡང་འབབ་མཚམས་བཞག་སོང་། ད་ལོའི་སློབ་གྲྭའི་ཐུགས་སྤྲོ་གཏོང་བར་ཉི་མ་མང་པོ་མེད་པས་མ་ཡུམ་སློབ་གླིང་གི་བཀོད་སྒྲིག་ལྟར། ངེད་ཅག་སློབ་གྲོགས་རྣམས་གྱེར་ཟ་གཡུང་དྲུང་ལྷུན་པོའི་ཤར་ཕྱོགས་ཀླུ་ཆུ་ཐང་དུ་རྡོ་སྒྲུག་པར་སོང་། ལམ་བར་ནས་སློབ་གྲོགས་དག་དང་མཉམ་དུ་བག་མེད་པར་རྩེད་འཇོ་སྣ་ཚོགས་བརྩེས། ལས་ཀའི་བར་གསེང་ནས་ཀྱང་འུར་བརྒྱབ་ཅིང་ཀི་བཏབ། རྡོ་སྒྲུག་པའི་ལས་སུ་བྱ་བའང་སྤྲོ་སྣང་ལམ་ཁྱེར་བྱས་པས་ཚེགས་ཆེན་པོ་མི་དགོས་པར་བདེ་བླག་ཡང་བསྒྲུབས་ཐུབ། པྲ་ཚགས་ཀྱི་བྱ་སྤྱོད་དེ་དག་གིས། སྐད་ཅིག་མར། ངལ་དུབ་ཡོད་ཚད་ཤུལ་མེད་དུ་བཏང་ཞིང་། སྨྲེང་བ་ཐམས་ཅད་རྗེས་མེད་དུ་བྱེད་འགྲོ་ཡང་། དེ་རིང་དབྱར་ཉི་ལྡོག་ཡིན་པའི་དོན་དངོས་བློ་ཡུལ་ནས་བརྗེད་ཐབས་མེད་པར་ཚོད་ཚོད་ལ་དྲན་ཡོང་ཞིང་། དྲན་ནས་ཀྱང་སེམས་པ་གྲང་ཤུར་ཤུར་ཞིག་ཏུ་འགྱུར་འགྲོ།

སྤྱིར་ན་ལོ་གཅིག་གི་ནང་དུ་ཉི་ལྡོག་གཉིས་ཡོད་ཅིང་གཅིག་གིས་མིང་ལ་དགུན་ཉི་ལྡོག་དང་། གཅིག་གི་མིང་ལ་དབྱར་ཉི་ལྡོག་ཟེར། དབྱར་ཉི་ལྡོག་ནི་སྤྱི་ཟླ་དྲུག་པ་དང་དགུན་ཉི་ལྡོག་ནི་སྤྱི་ཟླ་བཅུ་གཉིས་པའི་ཚེས་པ་ཉེར་གཅིག་ཉེར་གཉིས་དག་ཏུ་ལོ་ལྟར་ཚེས་དང་ཚེས་བཞིན་ཡོད། དགུན་ཉི་ལྡོག་གིས་ཆེད་དུ་ང་ལ་དམིགས་ནས་བདེ་སྐྱིད་ལྷག་མ་ཞིག་མ་བསྐྱེད་ཀྱང་། དགུན་ཉི་མ་ལོག་རྗེས་ཉིན་མོ་ཇེ་རིང་དང་མཚན་མོ་ཇེ་ཐུང་དུ་འགྲོ་ཞིང་དཔྱིད་ཀ་དང་དབྱར་ཁ་ཉེ་སར་འཁྲིད་ཡོང་བས་སྤྲོ་སྣང་དགའ་ཡ་ལེ་ཞིག་རྒྱས་ཡོང་། དབྱར་ཉི་ལྡོག་གིས་ཀྱང་ང་ལ་གཟས་ནས་སྡུག་བསྔལ་འཕར་མ་ཞིག་ཀྱང་མ་བསྐྲུན་མོད། དབྱར་ཉི་མ་ལོག་རྗེས་མཚན་མོ་ཇེ་རིང་དང་ཉིན་མོ་ཇེ་ཐུང་དུ་འགྲོ་ཞིང་སྟོན་ཀ་དང་དགུན་ཁར་ཁ་ཐག་ཇེ་ཉེར་ཕྱིན་འགྲོ་བ་ཙམ་གྱིས་ཀྱང་ན་ཟུག་ལྗིད་ཏིག་གེ་བ་ཞིག་སྐྱེ་ཡོང་། ལྷག་ཏུ་ན་ནིང་སྟེ་༢༠༢༤ལོ་ནས་བཟུང་སྟེ། ང་རང་ཅི་ཞིག་ཐོབ་སོང་བ་ལྟ་བུས་དགུན་ཉི་ལྡོག་ཚེས་དུས་སྤྲོ་བས་བརྟས་ཤིང་། གང་ཞིག་བོར་སོང་བ་ལྟ་བུས་དབྱར་ཉི་ལྡོག་ཚེས་ཚེ་སྨྲེང་བས་གཏུམ་ཡོང་། ཞིབ་འདང་བརྒྱབ་ན། ༢༠༢༤ལོ་ནི་ང་ལ་མཚོན་ན་མི་ཚེའི་བཤུལ་ལམ་རིང་མོའི་ཁྲོད་ཀྱི་རབ་རིབ་མག་མོག་དང་ཨ་ཀྱོག་པ་ཀྱོག་གི་འཕྲུལ་སྣང་ཤིན་ཏུ་མང་བའི་མི་ཚེའི་དུས་མཚམས་གལ་ཆེན་ཞིག་ཡིན་འདུག།

མི་གཞན་དག་ལ་མཚོན་ནས་བཤད་ན། དབྱར་ཉི་ལྡོག་ནི་ལོ་འཁོར་རེ་རེའི་སྤྱི་ཟླ་དྲུག་པར་ནམ་རྒྱུན་བྱུང་དང་འབྱུང་བཞིན་པའི་དུས་ཚིགས་ཀྱི་འགྱུར་ལྡོག་ཅིག་ལས་ཅི་ཡང་མིན་དུའང་སྲིད་མོད། ངས་བསམ་བློ་ཇི་ལྟར་བསྐོར་ཡང་། དབྱར་ཉི་ལྡོག་ནི་ཉི་མ་བྱང་བགྲོད་མཐར་ཐུག་སྟེ་ལྷོ་བགྲོད་འགོ་རྩོམ་པའི་བརྡ་རྟགས་ཙམ་ཞིག་ཅི་ནས་མ་རེད་དེ། དབྱར་ཉི་མ་ལྡོག་ཉིན་ནས་བཟུང་སྟེ་ཉིན་མོ་ཇེ་ཐུང་དང་མཚན་མོ་ཇེ་རིང་དུ་འགྱུར་འགྲོ་བ་ཁོ་ནས་ཀྱང་སེམས་སུ་ཕངས་སེམས་དང་བཟོད་གླགས་མེད་པའི་མནར་གཅོད་ཚད་མེད་པ་ཞིག་བསྐྱེད་ཡོང་།

ད་ལྟའི་ཆར། བདག་གི་རི་རྩེ་ན་ཞི་མ་ཐུབ་པར་ལུས་པའི་འཁྱག་རོམ་ད་དུང་སྲ་འཐས་སུ་ལྷག་ཡོད་ཅིང་། ངའི་སྐྱེད་ཚལ་དུ་འདབ་མ་རྒྱས་མ་ཐུབ་པར་ལུས་པའི་མེ་ཏོག་གི་ཐོའུ་ཡང་སྐྱེས་སྟོབས་ཀྱིས་དབུལ། ཉིས་སྟོང་རྩ་བཞི་ལོའི་ཟླ་བཅུ་གཉིས་པར་དགུན་ཉི་མ་ལྡོག་སོང་། དེའི་རྗེས་ངས་གཏན་ནས་དབྱར་ཉི་ལྡོག་ཟེར་བའི་དུས་གཟེར་ཞིག་ཚེས་རྒྱུ་མེད་ན་བསམས་ཤིང་། དེ་ལྟར་མ་བྱུང་ཡང་དབྱར་ཉི་ལྡོག་ཚེས་པར་ད་དུང་ཡང་ཟླ་བ་ཁ་ཤས་ཡོད་ན་ཅི་མ་རུང་སྙམ་པའི་སྟོང་བསམ་བྱས། ཡིན་ཡང་མི་ཚེ་ནི་ངོས་དང་སྒོ་གང་ནས་བརྟགས་ཀྱང་རེ་སྒུག་དང་བྲེལ་ཕོངས་ཀྱིས་བརྡར་ནས་ཟད་དགོས་པ་ཞིག་ཡིན་པ་ནི། དབྱར་ཉི་ལྡོག་གིས་ཀྱང་གསལ་བཤད་གནང་བཞིན་ཡོད་འདུག།

ལོ་འཁོར་ཧྲིལ་པོ་གཅིག་གི་ནང་དུ་ཉིན་ཞག་སུམ་བརྒྱ་དྲུག་ཅུ་ལྷག་ཡོད་ཀྱང་། དེ་རིང་ནི་དབྱར་ཉི་ལྡོག་ཡིན་པས། ས་སྒང་གོ་ལའི་ཐོག་ཉིན་མོ་ཆེས་རིང་ཞིང་མཚན་མོ་ཆེས་ཐུང་ཤོས་ཀྱི་ཉིན་མོ་གཅིག་པུ་དེ་རེད། མི་ཚེ་གཅིག་གི་དབྱར་ཉི་ལྡོག་དང་འདྲ་བའི་དུས་ཚིགས་འདི་དང་ན་ཚོད་འདི། ཡང་ན་ལས་སྐལ་འདི་དང་བསྟུན་ནས། ངས་སྐྱེ་བ་འདིར་ལས་དབང་གིས་ང་ཚོ་ཕན་ཚུན་ངོ་ཤེས་སུ་བཅུག་ཅིང་། སླར་ཡང་ལས་དབང་གིས་ང་ཚོ་གཏན་ནས་གཏན་དུ་ཁ་འཐོར་བཏང་བའི་མི་དག་ལ། རྫི་བོ་ལྟ་བུའི་བདག་བས་གཞན་གཅེས་ཀྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཀྱིས་གཞི་བཟུང་སྟེ། རྣམ་དག་དྭངས་གཙང་གི་སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར། གཏིང་རིང་བའི་མཚན་མོའི་གདུག་རྩུབ་ཁྲོད་ནས་ང་རང་ལྔ་ལམ་དུ་ཆས་འགྲོ་དགོས་ཀྱང་། ངའི་སྙིང་ཉེ་བའི་ཁྱོད་ཅག་ཁོ་ན། ཉི་འོད་དང་ཁ་ཐག་ཇེ་རིང་དུ་མི་འགྲོ་བའི་སྨོན་ལམ་བཏབ་དང་འདེབས་བཞིན་ཡོད་ཨང་།།

༼ གཞི་ཚང་ཟླ་བ་གྲགས་པ། ༽