རྒྱལ་ཡོངས་ཀྱི་སྤུན་ཟླ་རྣམ་པ་དང་། གུས་ཤིང་བརྩེ་བའི་རྒྱལ་ཁབ་ཀྱི་གཙོ་བདག་དང་། སྲིད་གཞུང་གི་འགོ་གཙོ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་རྣམ་པ། གུས་ཤིང་བརྩེ་བའི་སྐུ་མགྲོན་རྣམ་པ། གཟིགས་སྦྲེང་དཔོན་དམག་ཡོངས། བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
དེ་རིང་ང་ཚོས་འདུ་འཛོམས་གཟབ་རྒྱས་ཤིག་བྱས་ནས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་དྲན་གསོ་ཞུས་ཏེ། ཐུན་མོང་ཐོག་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ། ཞི་བདེར་གཅེས་པར་འཛིན། འབྱུང་འགྱུར་གསར་དུ་གཏོད་བཅས་བྱེད་བཞིན་ཡོད།
ངས་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རི་འགོག་དམག་འཁྲུག་ནང་ཞུགས་མྱོང་བའི་འཐབ་འཛིང་པ་རྒན་གྲས་དང་། བློ་མཐུན་རྒན་གྲས། རྒྱལ་གཅེས་མི་སྣ། རི་འགོག་དམག་དཔོན། དེ་བཞིན་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་མཁན་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་དང་། ཀྲུང་གོ་མི་དམངས་ཀྱིས་བཙན་འཛུལ་ལ་འགོག་རྒོལ་བྱེད་པར་རོགས་སྐྱོར་དང་རོགས་རམ་བྱེད་མྱོང་བའི་ཕྱི་རྒྱལ་གྱི་སྲིད་གཞུང་དང་རྒྱལ་སྤྱིའི་མཛའ་གྲོགས་མི་སྣ་རྣམས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ། དེ་རིང་གི་ཚོགས་ཆེན་ནང་ཞུགས་པའི་རྒྱལ་ཁབ་ཁག་གི་སྐུ་མགྲོན་རྣམས་ལ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་རྒྱུ་ཡིན།
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ནི་དཀའ་བ་ཚད་མེད་སྤྱད་པའི་རླབས་ཆེན་གྱི་དམག་འཁྲུག་ཅིག་རེད། ཀྲུང་གོ་གུང་ཁྲན་ཏང་གིས་དར་སྤེལ་བཏང་ནས་བཙུགས་པའི་རི་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་གྱི་དར་ཆའི་འོག ཀྲུང་གོ་མི་དམངས་ཀྱིས་འགྱུར་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་དགྲ་བོ་སྟོབས་ཆེན་དང་འཐབ་པ་དང་ཤ་ཁྲག་གི་ཕུང་པོར་བརྟེན་ནས་ལྕགས་རི་རིང་པོ་བརྩིགས་ཏེ། ཉེ་རབས་ཚུན་དུ་ཕྱི་རོལ་གྱི་དགྲ་བོའི་བཙན་འཛུལ་ལ་འགོག་རྒོལ་བྱེད་པར་རྒྱལ་ཁ་ཐེངས་དང་པོ་ཡོངས་སུ་བླངས་ཡོད།
ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་གོ་མི་དམངས་ཀྱིས་མི་རིགས་ཀྱི་བློས་གཏོང་ཧ་ཅང་ཆེན་པོ་བྱས་ནས་མིའི་རིགས་ཀྱི་ཤེས་དཔལ་མྱུར་སྐྱོབ་དང་འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
ལོ་རྒྱུས་ལས་ང་ཚོར་ཉེན་བརྡ་བཏང་བར། མིའི་རིགས་ཀྱི་ལས་དབང་ནི་སྐྱིད་སྡུག་མཉམ་མྱོང་ཡིན་པས། རྒྱལ་ཁབ་ཁག་དང་མི་རིགས་ཁག་དབར་ཕན་ཚུན་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། འཆམ་མཐུན་མཉམ་གནས། ཕན་ཚུན་ལྟ་སྐྱོང་བཅས་བྱས་ཚེ་གཞི་ནས་ཐུན་མོང་གི་བདེ་འཇགས་སྲུང་སྐྱོང་ཐུབ་པ་དང་། དམག་འཁྲུག་གི་འབྱུང་རྩ་མེད་པར་བཟོས་ཏེ། ལོ་རྒྱུས་ཀྱི་སྐྱོ་གར་བསྐྱར་དུ་མི་ཐོན་པར་བྱེད་ཐུབ།
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
ཀྲུང་ཧྭ་མི་རིགས་ནི་བཙན་ཤུགས་ལ་མི་སྐྲག་པ་དང་རང་ཚུགས་རང་དར་རླབས་ཆེན་གྱི་མི་རིགས་ཤིག་ཡིན། སྐབས་དེར། དྲང་བདེན་དང་སྡུག་རུལ་དང་། འོད་ཟེར་དང་མུན་ནག ཡར་ཐོན་དང་ལོག་སྤྱོད་བཅས་ཀྱི་ཤི་གསོན་གྱི་འགྲན་རྩོད་མདུན་དུ་ཀྲུང་གོ་མི་དམངས་ཀྱིས་དགྲ་ལ་མཉམ་སྡང་དང་དཔའ་ངར་ཆེར་སྐྱེད་ཀྱིས་འགོག་རྒོལ་བྱས་ཏེ། རྒྱལ་ཁབ་འཚོ་གནས་ཆེད་དམག་འཐབ་དང་། མི་རིགས་བསྐྱར་དར་ཆེད་དམག་འཐབ། མིའི་རིགས་ཀྱི་དྲང་བདེན་ཆེད་དམག་འཐབ་བཅས་བྱས་ཡོད། ད་ཆ། མིའི་རིགས་ལ་སླར་ཡང་ཞི་བདེའམ་དམག་འཁྲུག་དང་། སྐད་ཆ་ཤོད་རེས་སམ་འགྲན་རྒོལ། གཉིས་ཁེའམ་རྒྱལ་ཕམ་བཅས་ཀྱི་གདམ་ག་འཕྲད་ཡོད། ཀྲུང་གོ་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ངང་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དང་། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་ཕྱོགས་སུ་ལངས་ནས་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་ཁག་གི་མི་དམངས་དང་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་བཞིན་ཡོད།
ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ནི་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱིས་རྦད་དེ་བློས་འགེལ་ཆོག་པའི་དཔའ་བོའི་དམག་དཔུང་ཞིག་ཡིན། དམག་ཡོངས་ཀྱི་དཔོན་དམག་ཚོས་བླ་ན་མེད་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་པ་དང་།འཛམ་གླིང་གི་དམག་དཔུང་རྩེ་གྲ་འཛུགས་སྐྱོང་མགྱོགས་མྱུར་བྱེད་པ། རྒྱལ་ཁབ་ཀྱི་བདག་དབང་དང་། གཅིག་གྱུར། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་འཐབ་ཇུས་ཀྱི་འདེགས་སྐྱོར་བྱེད་པ་དང་། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས། ( པར་ངོས་བཞི་པར་གཟིགས།)