国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྒྱལ་ཁ་རླབས་པོ་ཆེའི་ཁྲོད་ནས་དཔའ་ངར་ཞུམ་མེད་ངང་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་བསྡུ་ལེན་བྱེད་དགོས།

—— ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་བརྒྱད་ཅུ་འཁོར་བར་དྲན་གསོ་ཞུ།

ལོ་རྒྱུས་བློ་ལ་བརྟན་པོར་ངེས། སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ། ཞི་བདེ་གཅེས་པར་འཛིན། འབྱུང་འགྱུར་གསར་དུ་གཏོད། འདི་ལོའི་ཟླ9ཚེས3ཉིན་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བའི་དྲན་གསོའི་ཉིན་མོ་རེད་ལ། ཀྲུང་གོ་མི་དམངས་དང་འཛམ་གླིང་ཡོངས་ཀྱི་ཞི་བདེར་གཅེས་པའི་རྒྱལ་ཁབ་དང་མི་དམངས་ཡོད་དོ་ཅོག་གི་དུས་ཆེན་གཟབ་རྒྱས་ཤིག་ཀྱང་རེད། དྲན་གསོའི་བྱེད་སྒོ་གཟབ་རྒྱས་སྤེལ་ཏེ་དྲང་བདེན་ལ་རྒྱལ་ཁ་ཐོབ་ངེས་དང་། ཞི་བདེར་རྒྱལ་ཁ་ཐོབ་ངེས། མི་དམངས་ལ་རྒྱལ་ཁ་ཐོབ་ངེས་བཅས་ཀྱི་བདེན་དོན་རླབས་པོ་ཆེ་ཐུན་མོང་ཐོག་བློ་ལ་བརྟན་པོར་ངེས་དོན་ནི་རྒྱལ་ཁ་རླབས་པོ་ཆེའི་ཁྲོད་ནས་དཔའ་ངར་ཞུམ་མེད་ངང་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འབད་འཐབ་ལྷོད་མེད་བྱེད་དགོས་པ་དང་། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པ་དེ་རེད།

ལོ་ངོ80ཡི་གོང་གི་དེ་རིང་ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་མི་དམངས་དང་མཉམ་དུ་ཧྥ་ཤི་སི་རིང་ལུགས་རྦད་དེ་ཕམ་པར་བྱས་ཏེ་དྲང་བདེན་རྩུབ་སྤྱོད་ལས་རྒྱལ་བ་དང་། འོད་ཟེར་མུན་ནག་ལས་རྒྱལ་བ། ཡར་ཐོནངོ་ལོག་ལས་རྒྱལ་བ་བཅས་ཀྱི་རྒྱལ་ཁ་རླབས་པོ་ཆེ་བླངས་ཡོད། ལོ14ཡི་རིང་དཀའ་བ་ཚད་མེད་སྤྱད་དེ་ཁྲག་བཏོན་དམར་འཛིང་བྱས་པ་བརྒྱུད། ཀྲུང་གོ་མི་དམངས་ཀྱིས་གདུག་རྩུབ་ཤིན་ཏུ་ཆེ་བའི་རི་པིན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་པ་ཕམ་པར་བཟོས་ཏེ། ཉེ་རབས་ཚུན་དུ་ཀྲུང་གོས་ཕྱི་རོལ་གྱི་དགྲ་བོའི་བཙན་འཛུལ་ལ་འགོག་རྒོལ་བྱེད་པར་རྒྱལ་ཁ་ཐེངས་དང་པོ་ཡོངས་སུ་བླངས་ཡོད།

ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་གི་རྒྱལ་ཁ་རླབས་པོ་ཆེ་ནི་ཉེ་རབས་ཚུན་དུ་ཀྲུང་ཧྭ་མི་རིགས་ཉམས་ཉེན་ཚབས་ཆེན་གྱི་གནས་སུ་གྱར་བ་ནས་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་སྒྱུར་མཚམས་ཤིག་རེད། རྒྱལ་ཁ་རླབས་པོ་ཆེ་དེས་རི་པིན་དམག་རྒྱལ་རིང་ལུགས་ཀྱིས་བཤམས་པའི་ཀྲུང་གོར་མི་སེར་སྤེལ་ནས་བྲན་དུ་བཀོལ་རྒྱུའི་ལྐོག་གཡོ་ཐལ་བའི་རྡུལ་དུ་བརླགས་པ་དང་། ཉེ་རབས་ཚུན་དུ་ཕྱི་རོལ་གྱི་བཙན་འཛུལ་ལ་འགོག་རྒོལ་བྱས་པར་ཕམ་ཁ་ཡང་ཡང་འཁུར་དགོས་བྱུང་བའི་མི་རིགས་ཀྱི་མཚན་ཤས་མེད་པར་བཟོས་པ། ཀྲུང་གོ་མི་དམངས་ཀྱིས་མི་རིགས་རང་བཙན་དང་། རང་དབང་། བཅིངས་འགྲོལ་བཅས་དོན་གཉེར་བྱེད་པའི་བློ་སྟོབས་བརྟན་དུ་བཏང་བ། གནའ་བོའི་ཀྲུང་གོ་ཕམ་ཉེས་བྱུང་བ་ནས་ཡར་ལངས་ཀྱི་ཚེ་སྲོག་གསར་པ་ཐོབ་པའི་ལོ་རྒྱུས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་པ་བཅས་བྱས་ཡོད།

ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་རླབས་པོ་ཆེ་ཐོབ་པ་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་གྲུབ་ཆ་གལ་ཆེན་ཞིག་རེད། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་ཐོག་མ་ཉིད་ནས་མིའི་རིགས་ཀྱི་ཤེས་དཔལ་མྱུར་སྐྱོབ་དང་། མིའི་རིགས་ཀྱི་དྲང་བདེན་སྲུང་སྐྱོང་། འཛམ་གླིང་གི་ཞི་བདེ་སྲུང་སྐྱོབ་བཅས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ཁྲོད་འགོ་ཚུགས་སྔ་ཤོས་དང་། རྒྱུན་མཐུད་པའི་དུས་ཚོད་རིང་ཤོས། བློས་གཏོང་མང་ཤོས་བཅས་ཡིན་པ་དང་། ཀྲུང་གོའི་གཡུལ་སས་རི་པིན་དམག་རྒྱལ་རིང་ལུགས་ཀྱི་དམག་ཤུགས་གཙོ་བོ་ཡུན་རིང་བཀག་སྐྱིལ་དང་འགོག་རྒོལ་བྱས་པ་དང་། མི་རིགས་ཀྱི་བློས་གཏོང་ཧ་ཅང་ཆེན་པོར་བརྟེན་ནས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་ཤར་ཕྱོགས་ཀྱི་གཡུལ་ས་གཙོ་བོར་འདེགས་སྐྱོར་བཅས་བྱས་པ། ཡོ་རོབ་ཀྱི་གཡུལ་ས་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གཡུལ་སའི་འཐབ་ཇུས་བྱ་སྤྱོད་ལ་གཞོགས་འདེགས་བྱས་ཏེ། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་བྱས་རྗེས་གལ་ཆེན་བཞག་ཡོད། རྒྱལ་ཁ་རླབས་པོ་ཆེ་དེས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཡོངས་སུ་ཐོབ་པ་ཁྱབ་བསྒྲགས་བྱས་པ་དང་། འཛམ་གླིང་ཐོག་གི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོའི་གནས་བབ་སླར་ཡང་གཏན་འཁེལ་བྱས་པས། ཀྲུང་གོ་མི་དམངས་ལ་འཛམ་གླིང་གི་ཞི་བདེར་གཅེས་པའི་མི་དམངས་ཀྱི་བརྩི་བཀུར་ཐོབ་ཡོད།

ཤིང་རྟ་ལོའི་དམག་འཁྲུག་ཕམ་པ་ནས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་བར་གྱི་ལོ་རྒྱུས་དེས་ང་ཚོའི་བློ་སྒོ་གསལ་པོར་ཕྱེ་བ་སྟེ། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་ནི་རྒྱལ་གཅེས་རིང་ལུགས་ལྟེ་བར་བྱས་པའི་མི་རིགས་སྙིང་སྟོབས་ཀྱི་རྒྱལ་ཁ་རླབས་པོ་ཆེ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀ་རྟེན་ལྟ་བུའི་ནུས་པ་བཏོན་པའི་རྒྱལ་ཁ་རླབས་པོ་ཆེ། མི་རིགས་ཡོངས་ཀྱིས་བློ་སྟོབས་གཅིག་སྒྲིལ་དང་དཔའ་ངར་ཞུམ་མེད་ངང་རི་འགོག་བྱས་པའི་རྒྱལ་ཁ་རླབས་པོ་ཆེ། ཀྲུང་གོ་མི་དམངས་ཀྱིས་ཧྥ་ཤི་སིར་ངོ་རྒོལ་བྱེད་མཁན་མནའ་མཐུན་རྒྱལ་ཁབ་དང་དེ་བཞིན་རྒྱལ་ཁབ་ཁག་གི་མི་དམངས་དང་དཔུང་པ་མཉམ་གཤིབ་ཀྱིས་འཐབ་འཛིང་བྱས་པའི་རྒྱལ་ཁ་རླབས་པོ་ཆེ་བཅས་རེད། རྒྱལ་ཁ་རླབས་པོ་ཆེ་དེ་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་དང་། མིའི་རིགས་ཀྱི་དྲང་བདེན་བྱ་གཞག་གི་ལོ་རྒྱུས་དེབ་ཐེར། མིའི་རིགས་ཀྱི་ཞི་བདེའི་ལོ་རྒྱུས་དེབ་ཐེར་བཅས་ནང་དུས་ནམ་ཡང་འཁོད་རྒྱུ་རེད།

རྒྱལ་ཁ་རླབས་པོ་ཆེ་དེ་ལས་མི་དམངས་ནི་ལོ་རྒྱུས་གསར་གཏོད་པ་དང་དཔའ་བོ་ངོ་མ་ཞིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ནི་དཔའ་ངར་ཞུམ་མེད་ཀྱི་གསོན་ཤུགས་དང་སྤྱིར་བཏང་མིན་པའི་གསར་གཏོད་ནུས་པ་ལྡན་པའི་མི་རིགས་ཤིག་ཡིན་པ། ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་བློས་འཁེལ་ཤོས་ཀྱི་སྲོག་ཤིང་ཡིན་པ་བཅས་ར་འཕྲོད་གང་ལེགས་ཐུབ་ཡོད། རྒྱང་ལམ་གསར་པར་ཏང་གི་འགོ་ཁྲིད་འོག་མི་དམངས་ཡོངས་ཀྱིས་བསམ་བློ་གཏོང་ས་གཅིག་ལ་གཏོང་བ་དང་ཤུགས་རྒྱག་ས་གཅིག་ལ་བརྒྱབ་ན། ཁྱད་བསད་མི་ཐུབ་པའི་དཀའ་ངལ་མེད་པ་དང་། རྒྱལ་ཁ་མི་ཐོབ་པའི་འགྲན་སློང་མེད་ལ་གྲུབ་འབྲས་མི་ཐོབ་པའི་བྱ་གཞག་རླབས་པོ་ཆེ་ཡོང་མི་སྲིད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་ནི་ཀྲུང་གོ་མི་དམངས་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན། དེས་ཀྲུང་གོ་མི་དམངས་ཀྱིས་དཀའ་ངལ་དང་འགལ་རྐྱེན་མཐའ་དག་ཁྱད་བསད་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་པར་ནམ་ཡང་སྐུལ་མ་ཐེབས་རྒྱུ་ཡིན”ཞེས་ནན་བཤད་གནང་ཡོད། དེ་རིང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མཛེས་སྡུག་ལྡན་པའི་དཔེ་རིས་འགོད་བཞིན་ཡོད་པ་མ་ཟད། འོད་སྟོང་འཕྲོ་བའི་མདུན་ལམ་མངོན་བཞིན་ཀྲུང་ཧྭ་མི་རིགས་ཀྱིས་འགོག་ཐབས་བྲལ་བའི་གོམ་སྟབས་སྤོས་ནས་རླབས་ཆེན་བསྐྱར་དར་གྱི་ཕྱོགས་སུ་གོམ་ཞེང་ཆེན་པོས་སྐྱོད་བཞིན་ཡོད།

ཀྲུང་ཧྭ་མི་རིགས་ནི་སྔར་ནས་ཞི་བདེར་དགའ་ཞེན་ཆེ་བ་ཞིག་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཞི་བདེའི་འཕེལ་རྒྱས་འགྲོ་ལམ་དུ་སྐྱོད་པའི་དེང་རབས་ཅན་ཞིག་ཡིན། ཉེ་རབས་ཚུན་དུ། བཙན་དབང་རྒྱལ་ཁབ་ཀྱི་བཙན་འཛུལ་དང་། བརྙས་བཅོས། ཧམ་འཕྲོག་བཅས་ཡང་ཡང་ཕོག་མོད། འོན་ཀྱང་ཀྲུང་གོ་མི་དམངས་ཀྱིས་དེའི་ཁྲོད་ནས་ཆེ་བས་ཆུང་བ་ཟ་བའི་གཏན་ཚིགས་རྟོགས་པ་ཙམ་མ་ཡིན་པར། ཞི་བདེ་སྲུང་སྐྱོང་བྱེད་པའི་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད། ཀྲུང་གོར་ང་ཆེ་ང་བཙན་གྱི་གཞི་རྒྱུ་མེད་ཅིང་། ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱ་རྒྱུ་དེ་རང་ཉིད་ཀྱི་བླ་ན་མེད་པའི་འགན་འཁྲི་ཞིག་ཏུ་བརྩི་གི་ཡོད། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པས། བློ་རྒྱ་ཡངས་པོས་འཁོན་འགྲས་ཀྱི་གདོང་གཏུག་ལ་ལྟ་སྟངས་འཛིན་པ་དང་། བརྩེ་བ་ཟབ་མོས་མིའི་རིགས་ཀྱི་ལས་དབང་ལ་དོ་ཁུར་བྱེད་དགོས།

ལོ་རྒྱུས་རྒྱུན་འཛིན་ཡག་ཤོས་བྱེད་པ་ནི་ལོ་རྒྱུས་གསར་པ་གསར་གཏོད་བྱ་རྒྱུ་དེ་ཡིན་པ་དང་། གསར་བརྗེའི་སྔོན་བྱོན་པ་དང་དཔའ་བོ་རྣམས་ལ་སེམས་གསོ་ཡག་ཤོས་གཏོང་བ་ནི་ཁོང་ཚོས་དེའི་ཆེད་དུ་རང་སྲོག་བློས་གཏོང་དང་འབད་འཐབ་བྱས་པའི་བྱ་གཞག་རླབས་པོ་ཆེ་མདུན་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུ་དེ་རེད། མ་འོངས་པར་ཁ་ཕྱོགས་ན། དུས་ཚོད་དང་། དུས་བབ། དོན་སྙིང་བཅས་ཚང་མ་ང་ཚོའི་ཕྱོགས་ལ་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ། མི་དམངས་དུང་ཕྱུར་མང་པོའི་ཀུན་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བཅས་ཡོད་པས། སྟོབས་ཤུགས་གང་གིས་ཀྱང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་གོམ་སྟབས་འགོག་མི་ཐུབ། ང་ཚོས་མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་གཏོང་ཐུབ་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཐུབ་པ། རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་འཛམ་གླིང་གི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་ཐུབ་ངེས་ཡིན།

(མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)