(པར་ངོས་གཉིས་པར་མཐུད།) ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སྣེ་ལེན་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དྲང་བདེན་གྱི་དད་སེམས་ལ་གཡོ་འགུལ་མི་ཐེབས་པ་དང་། ཞི་བདེའི་རེ་སྒུག་ལ་བཀག་འགོག་མི་ཐེབས་པ། མི་དམངས་ཀྱི་སྟོབས་ཤུགས་ལ་འགྲན་ཟླ་དེ་བས་མེད། དུས་གང་ཞིག་ཡིན་རུང་། ང་ཚོས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོབ་བྱས་ཏེ། འཛམ་གླིང་ཡུལ་གྲུ་ཀུན་ཏུ་སྤྱོད་བཟང་གཞུང་དྲང་ཁྱབ་པར་བྱེད་དགོས།ཚང་མས་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་རྒྱུ་མཐའ་འཁྱོངས་དང་། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོབ་བརྟན་པོ་བྱས་ཏེ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་དགོས། ཚང་མས་མི་དམངས་ཀྱི་འདོད་བློ་ལས་དོན་ཀུན་གྱི་འགོ་འཛུགས་སར་བརྩི་བ་དང་། གནམ་འོག་གི་ཁེ་ཕན་ཐམས་ཅད་རང་ཉིད་ཀྱི་ཁེ་ཕན་ལ་བརྩིས་ནས་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ལི་ཆང་གིས་སྣེ་ལེན་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་སྣེ་ལེན་ཚོགས་འདུར་ཞུགས་པ་རེད།
སྔ་དྲོའི་ཆུ་ཚོད11དང་སྐར་མ30ཙམ་ལ། 《ཞི་བདེ། ལས་དབང་གཅིག་མཐུན་ཚོགས་པ》ཞེས་པའི་རོལ་དབྱངས་ཀྱི་འགྱུར་ཁུག་ཁྲོད་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་སྣེ་ལེན་ཚོགས་འདུར་ཞུགས་མཁན་ཕྱི་རྒྱལ་གྱི་འགོ་ཁྲིད་པའི་སྟངས་དཔྱལ་དང་ལྷན་དུ་གསོལ་སྟོན་ཚོམས་ཆེན་དུ་ཕེབས་པ་དང་། ཚོམས་ཆེན་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།
སྣེ་ལེན་ཚོགས་འདུ་འགོ་ཚུགས་པ་དང་། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དང་ཐོག་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་ཚང་མ་ཕེབས་པར་ལྷག་བསམ་ཟོལ་མེད་ཀྱི་དགའ་བསུ་ཞུས་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་རྒྱལ་ཁའི་དྲན་གསོའི་ཉིན་མོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ལོ་ངོ80ཡི་གོང་དུ་ཀྲུང་གོ་མི་དམངས་ཀྱིས་ཁྲག་བཏོན་དམར་འཛིང་ལོ14བྱས་པ་བརྒྱུད། རི་པིན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་པ་རྦད་དེ་ཕམ་ཉེས་བཏང་ནས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཡོངས་སུ་ཐོབ་པའི་ཁྱབ་བསྒྲགས་བྱས་པ་རེད། འདི་ནི་ཀྲུང་ཧྭ་མི་རིགས་ཉེ་རབས་ཚུན་དུ་ཉམས་ཉེན་ཚབས་ཆེན་གྱི་གནས་སུ་གྱར་བ་ནས་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་འགྱུར་མཚམས་ཤིག་ཡིན་ལ། འཛམ་གླིང་འཕེལ་རྒྱས་ཀྱི་ཁ་ཕྱོགས་འགྱུར་མཚམས་གལ་ཆེན་ཞིག་ཀྱང་ཡིན། རླབས་ཆེན་གྱི་རྒྱལ་ཁ་འདི་ནི་ཀྲུང་གོ་མི་དམངས་ཀྱིས་ཧྥ་ཤི་སིར་ངོ་རྒོལ་བྱེད་མཁན་མནའ་མཐུན་རྒྱལ་ཁབ་དང་དེ་བཞིན་རྒྱལ་ཁབ་ཁག་གི་མི་དམངས་དང་དཔུང་པ་མཉམ་གཤིབ་ཀྱིས་འཐབ་འཛིང་བྱས་ནས་ཐོབ་པ་ཞིག་ཡིན། ཀྲུང་གོ་མི་དམངས་ཀྱིས་བཙན་འཛུལ་ལ་འགོག་རྒོལ་བྱེད་པར་རོགས་སྐྱོར་དང་རོགས་རམ་བྱེད་མྱོང་བའི་ཕྱི་རྒྱལ་གྱི་སྲིད་གཞུང་དང་རྒྱལ་སྤྱིའི་གྲོགས་པོ་རྣམས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གནས་སྐབས་ཀྱི་དྲག་ཞན་ནི་སྟོབས་ཤུགས་ལ་རག་ལས་ཀྱང་། ཡུན་རིང་གི་རྒྱལ་ཕམ་ནི་བདེན་པར་རག་ལས་ཡོད། དྲང་བདེན་དང་། གཞུང་དྲང་། ཡར་ཐོན་བཅས་ངན་རུལ་དང་། མུན་ནག ལོག་སྤྱོད་བཅས་ལས་རྣམ་པར་རྒྱལ་ངེས་ཡིན། མིའི་རིགས་སྐར་མའི་གོ་ལ་གཅིག་ཏུ་འཚོ་བ་སྐྱེལ་བཞིན་ཡོད་པས། ཕྱར་བ་གྲུ་འདེགས་དང་འཆམ་མཐུན་མཉམ་གནས་བྱེད་དགོས་པ་ལས། ཆེ་བས་ཆུང་བ་ཟ་བའི་ནགས་ཚལ་ངེས་སྲོལ་ལ་ཕྱིར་ལོག་གཏན་ནས་བྱེད་མི་རུང་།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་པའི་དེང་རབས་ཅན་ཞིག་ཡིན་པ་དང་། ཀྲུང་གོ་ནི་ནམ་ཡང་འཛམ་གླིང་གི་ཞི་བདེའི་སྟོབས་ཤུགས་དང་། བརྟན་ལྷིང་གི་སྟོབས་ཤུགས། ཡར་ཐོན་གྱི་སྟོབས་ཤུགས་བཅས་ཡིན། ང་ཚོས་ལྷག་བསམ་ཟོལ་མེད་ངང་རྒྱལ་ཁབ་ཁག་ཚང་མས་ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་འཆམ་མཐུན་རྩ་བའི་རྩེ་མོར་བཟུང་ནས། འཛམ་གླིང་དེང་རབས་ཅན་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པའི་རེ་བ་བྱེད་ཀྱི་ཡོད།
དགའ་སྟོན་རྟེན་འབྲེལ་གྱི་རོལ་དབྱངས་ཀྱི་འགྱུར་ཁུག་ཁྲོད། ཞི་ཅིན་ཕིང་གིས་ཀྲུང་ཕྱིའི་སྐུ་མགྲོན་དང་ལྷན་དུ་བཞེས་རག་པེ་ཙི་བཀྱགས་ནས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་རླབས་ཆེན་ཐོབ་པར་ཐུན་མོང་ཐོག་རྟེན་འབྲེལ་ཞུས་པ་དང་། ཐུན་མོང་ཐོག་འཛམ་གླིང་ཞི་བདེ་ཡོང་བར་སྨོན་འདུན་ཡང་ཞུས་པ་རེད།
སྣེ་ལེན་ཚོགས་འདུའི་ཐོག་ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་སྐུ་མགྲོན་ཚོ་དང་ལྷན་དུ《ལོ་རྒྱུས་མེ་ལོང་དུ་བཟུང་ནས་འབྱུང་འགྱུར་མཉམ་དུ་གཏོད་པ》ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་རིག་རྩལ་འཁྲབ་སྟོན་ལ་གཟིགས་པ་རེད།
ཀྲུང་གོར་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་མཁན་གྱི་ཕྱི་རྒྱལ་གྱི་འགོ་ཁྲིད་པ་དང་། དེ་བཞིན་འབྲེལ་ཡོད་རྒྱལ་ཁབ་ཀྱི་མཐོ་རིམ་འཐུས་མི། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ། སྲིད་ཕྱོགས་མི་སྣ་གལ་ཆེན་ཟུར་པ། ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ། དྲག་དཔོན་དང་ཀྲུང་གོར་བཅའ་སྡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་དང་། ཀྲུང་གོའི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་ལེགས་སྐྱེལ་འབུལ་མྱོང་བའི་རྒྱལ་སྤྱིའི་གྲོགས་པོའམ་འདས་པོའི་གཉེན་ཉེའི་འཐུས་མི་བཅས་སྣེ་ལེན་ཚོགས་འདུར་ཞུགས་པ་རེད།། (མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)