ཉེ་ཆར།ཀྲུང་གོ་རིག་རྩལ་དང་བླངས་པའི་མཐུན་ཚོགས་དང་།ནང་སོག་རིག་རྩལ་མཉམ་འབྲེལ་ལྷན་ཚོགས།ཀྲུང་གུང་ཨེར་ཏུའོ་སི་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུའུ་བཅས་ཀྱིས་གཙོ་གཉེར་བྱས་པའི་གཞི་གསོ་འདུ་འགོད་དེ། ཡུལ་གླུ་སྙན་མོ2025ལོའི་རྒྱལ་ཡོངས་གཅིག་བསྡུས་འཁྲབ་སྟོན་ཁྲོད།སི་ཁྲོན་ཞིང་ཆེན་གྱི་འཐུས་ཚབ་རུ་ཁག་གཅིག་པུ་སྟེ་སྡེ་དགེ་རྫོང་གླིང་གེ་སར་མཉམ་གླུ་ཚོགས་པའི་གསར་རྩོམ་གླུ་གཞས《སྡེ་དགེའི་སྐྱིད་གླུ་སྙན་མོ་བླངས། ཏང་གི་བཀའ་དྲིན་དགའ་བས་བསྟོད། 》ཅེས་པར་བདེ་སྐྱིད་སྙན་གླུའི་བྱ་དགའ་ཐོབ།
དེ་སྔ་ཐག་རིང་ལུང་ཁུག་ན་གནས་པའི་རྫོང་ཁོངས་འདིས་ཡུལ་སྡེ་རིག་གནས་དར་རྒྱས་གཏོང་བར་གཞིགས་ཏེ།མཐོ་སྒང་གི་ཁྱད་ཆོས་ལྡན་པའི་རིག་གནས་དང་ཡུལ་སྡེ་དར་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་བཞིན་ཡོད།
གར་སྟེགས་ཆུང་ཆུང་ཞིག་གིས་ཡུལ་སྡེའི་འཚོ་བ་གསར་པར་ནུས་པ་འདོན།
སྤྱི་ཟླ8པའི་ཚེས17ཉིན།ཡུལ་གླུ་སྙན་མོའི་མཇུག་འགྲིལ་འཁྲབ་སྟོན་ཁྲོད་གླུ་མ་གྲགས་ཅན་འཇམ་དབྱངས་སྒྲོལ་མའི་གླུ་དབྱངས་ཤིག་གིས་མཐོ་སྒང་གི་རྫོང་གྲོང་ཆུང་ཆུང་དེ་ལ་རྒྱུག་ཚད་མཐོ་རུ་འཕར་ཞིང་།དགེ་རྒན་འཇམ་དབྱངས་སྒྲོལ་མའི་སྐད་གསང་ནི་ཧ་ཅང་ཞི་ཞིང་སྙན་འཇེབས་ལྡན་པ་ཞིག་རེད་ཅེས་ཚང་མས་བསྟོད་པའི་མཐེ་བོང་བསྒྲེངས།
གར་སྟེགས་ནི་གྲགས་ཅན་མི་སྣ་ཁོ་ནའི་མ་ཡིན་པར་གར་སྟེགས་ཐོག་ད་དུང་གཞི་རིམ་འཐབ་ཕྱོགས་དང་པོའི་མང་ཚོགས་འཐུས་མི་ལས་གྲུབ་པའི་གླུ་གཞས་ཚོགས་པ་ཡང་ཡོད། ཁོ་ཚོས་ལུས་ལ་སྡེ་དགེའི་སྲོལ་རྒྱུན་གྱི་མི་རིགས་གྱོན་ཆས་གོན་ནས་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གེ་སར་སྒྲུང་གླུ་དང་སྨན་ཤོད་བྲོ་ཆེན་མཉམ་འདྲེས་ལེགས་པོར་བྱས་ནས་སྡེ་དགེའི་བུ་དང་བུ་མོ་ཚོའི་དྲིན་དྲན་དང་འབད་བརྩོན་གླུ་རུ་བླངས།
མང་ཚོགས་རིག་གནས་བྱེད་སྒོ་སོགས་སུ་ཞུགས་རྒྱུ་ནི་སྡེ་དགེ་རྫོང་གིས་ཡུལ་སྡེའི་རིག་གནས་དར་རྒྱས་ཡོང་བར་སྐུལ་བའི་འགག་རྩའི་དམ་འཛིན་བྱ་གཞི་ཞིག་ཡིན་ཏེ། ཡུལ་མིའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏང་ཆེད།སྡེ་དགེ་རྫོང་རིག་གནས་ཁང་གིས་སྨན་ཤོད་སྐོར་བྲོ་དང་མགུ་ཟི་གླིང་བྲོ་སོགས་གྲོང་སྡེའི་ཁྱད་ཆོས་ལྡན་པའི་དམངས་ཁྲོད་ཞབས་བྲོ་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་འབྲེལ་ཡུལ་སྡེའི་རིག་གནས་བྱེད་སྒོར་དྲངས་ཡོད། 2024ལོར་གེ་སར་རོལ་དབྱངས་དུས་ཚིགས་སྐབས་དང་པོ་དང་དམངས་ཁྲོད་སྐོར་བྲོ་འགྲན་བསྡུར་ཆེན་མོ་སོགས་བྱེད་སྒོ་རབ་དང་རིམ་པ་བརྒྱུད་དེ་སྡེ་དགེ་རྫོང་གིས་གཞི་རིམ་ཞིང་འབྲོག་མང་ཚོགས་བསྡུས་ནས་རིག་གནས་གྲུབ་འབྲས་མཉམ་སྤྱོད་བྱས་ཡོད།
སྡེ་དགེ་རྫོང་རིག་གནས་ཁང་གི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར་ང་ཚོས་ད་དུང་ཡུལ་མི་དགའ་བའི་ལེ་ཚན་ལ་དམིགས་ནས་སྒྲིག་འགོད་མཛུབ་སྟོན་བྱས་ཏེ་རྒྱ་ཆེའི་མང་ཚོགས་བྱེད་སྒོར་ཞུགས་པའི་ཚོར་བ་དང་རིག་གནས་ངོས་འཛིན་གཅིག་མཐུན་གྱི་ཚོར་བ་སྔར་ལས་ལྡན་པར་བྱ་རྒྱུ་ཡིན་ཞེས་བཤད།
ད་སྔའི་བར་སྡེ་དགེ་རྫོང་གིས《བརྩེ་ཆེན་སྡེ་དགེ》སོགས་ཡུལ་སྡེ་དར་རྒྱས་མཚོན་པའི་རིག་རྩལ་བརྩམས་ཆོས་གསར་རྩོམ་བྱས་ཤིང་། རིག་གནས་ཀྱི་ས་བོན་མཐོ་སྒང་གྲོང་སྡེར་བཏབ་ནས་ཡུལ་མིའི་བསམ་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པར་མ་ཟད།ཡུལ་སྡེ་དར་རྒྱས་ཀྱི་སྙིང་སྟོབས་ཀྱང་གཅིག་ཏུ་བསྡུས་ཡོད།།
མཛུབ་རྩེའི་ལག་རྩལ་དེ་ཡོང་འཕར་གྱི་གསེར་གྱི་ལྡེ་མིག་ལྟ་བུར་གྱུར།
སྡེ་དགེ་རྫོང་སྨན་ཤོད་གྲོང་རྡལ་གྱི་མཁྱེན་ལི་བཟོ་ཁང་དུ་སྐྱོད་སྐབས།བཟོ་པ་རྣམས་ཀྱིས་གསེར་དང་དངུལ།ཟངས།ཞ་ཉེ་སོགས་བསྡུར་ཚད་ངེས་ཅན་ལྟར་བཞུས་ནས་ལི་མ་ཟངས་བཟོས་ཏེ་ཆེད་བཟོས་ཀྱི་བྱེ་སྨོ་ནང་བླུག་བཞིན་ཡོད། དེ་དབྱིབས་གྲུབ་བྱས་རྗེས།ལག་ཆ་སྣ་ཚོགས་ཀྱིས་རྡུང་བཟོ་བྱས་ནས་རི་མོ་སྔར་ལས་གསལ་ཞིང་ཞིབ་ཚགས་སུ་གྱུར་རྗེས་འོད་འདོན་བཞིན་ཡོད།
ཟླ་བ་སྒྲོལ་མས་གསར་འགོད་པར་སྐུ་བརྙན་ཞིག་གི་རྡུང་བཟོ་དུས་ཡུན་ཟླ་བ་དྲུག་ཡས་མས་འགོར་གྱི་ཡོད་ལ། སྐེ་རྒྱན་ཆེ་ཆུང་ཞིག་བཟོ་ནའང་ཉིན་བདུན་ཙམ་གྱི་དུས་ཚོད་སྤྱོད་དགོས་ཀྱི་ཡོད། བཟོ་སྐྲུན་དུས་ཡུན་རིང་པོ་དེས་བཟོ་རྩལ་ཐོན་རྫས་ལ་ཐུན་མོང་མ་ཡིན་པའི་རིན་ཐང་ལྡན་ལ་མ་གནས་ཀྱང་མཐོ་རུ་ཕྱིན་ནས་ཐོན་རྫས་རང་ཚུགས་ཀྱི་ཁྲོམ་རར་ཞུགས་པའི་ཚད་གཞི་མཐོ་རུ་ཕྱིན་ཡོད་ཅེས་བཤད།
2019ལོར་སྡེ་དགེ་རྫོང་གིས་མ་དངུལ་བཏང་ནས་སྨན་ཤོད་གྲོང་རྡལ་གྱི་དམངས་སྲོལ་ལག་རྩལ་བརྒྱུད་འཛིན་བྱེད་མཁན་དུད་ཚང19ལ་རོགས་སྐྱོར་བྱས་ཡོད་ཅིང་། ཟླ་བ་སྒྲོལ་མའི་མཁྱེན་ལི་བཟོ་ཁང་ཡང་དེའི་ནང་དུ་ཚུད་ཡོད། ད་ལྟ་མཁྱེན་ལི་ལས་མི37བར་མང་དུ་བཏང་ཡོད།
གཟུགས་མེད་རིག་གནས་ཤུལ་བཞག་བཟོ་ཁང་དེ་དག་གིས་སྲོལ་རྒྱུན་གྱི་ལག་རྩལ་བརྒྱུད་འཛིན་ཐུབ་པར་མ་ཟད། ཡུལ་མིར་སྒོ་འགྲམ་གྱི་རིག་གནས་བརྒྱུད་འཛིན་དང་ལས་ཞུགས་ཡོང་འབབ་འཕར་བའི་ཕན་འབྲས་ཉིས་བརྩེགས་མངོན་འགྱུར་བྱུང་ཡོད། འདི་ལོའི་ཟླ7པའི་བར་སྡེ་དགེ་རྫོང་གི་གཟུགས་མེད་རིག་གནས་ཤུལ་བཞག་བཟོ་ཁང་གིས་ལས་ཞུགས་ལ་སྐུལ་ཁྲིད་བྱས་པའི་མི3372དང་།གཟུགས་མེད་རིག་གནས་ཤུལ་བཞག་གི་འབྲེལ་ཡོད་ལས་རིགས་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱས་པའི་མི16850ལ་སླེབས་ཡོད།
བོད་གྲོང་རྙིང་པར་རིག་གནས་ཡུལ་སྐོར་གྱི་གསོན་ཤུགས་གསར་པ་རྒྱས།
སྤྱི་ཟླ8པའི་ཟླ་དཀྱིལ་དུ་ཁྲེང་ཏུའུ་ནས་ཡོང་བའི་ཡུལ་སྐོར་བ་སྐྱེས་མ་ལི་ལགས་ཀྱིས་སྡེ་དགེ་རྫོང་སྨན་ཤོད་གྲོང་རྡལ་མི་རིགས་ལག་རྩལ་བརྒྱུད་འཛིན་ར་བར་བོད་ལུགས་ཀྱི་རྫ་སྣོད་ལ་ལྟ་བཞིན་སྤྲོ་སྣང་ཆེན་པོས་ཉམས་ལེན་གྱི་བརྒྱུད་རིམ་ཐོ་འགོད་བྱས། དེ་སྔ་སི་ཁྲོན་ནུབ་རྒྱུད་མཐོ་སྒང་ན་སྦས་པའི་བོད་རིགས་ཀྱི་སྲོལ་རྒྱུན་ལག་རྩལ་གནས་ཡུལ་འདིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཐབས་མཁས་བསམ་ཚུལ་ལ་བརྟེན་ནས་ལོ་ངོ་སྟོང་གི་གཟུགས་མེད་རིག་གནས་ཤུལ་བཞག་བཟོ་ཁང་ནས་ཐོན་ཐུབ་པར་མ་ཟད།ཡུལ་སྐོར་བ་མང་པོ་ཞིག་ཀྱང་གནས་འདིར་སླེབས་དུས་གོམ་མཚམས་འཇོག་བཞིན་ཡོད།
2019ལོ་ནས་བཟུང་ས་གནས་དེ་གའི་མ་དངུལ་སྒོར་ཁྲི3400བསྡུས་ནས་བརྒྱུད་འཛིན་དང་།ཐོན་སྐྱོད།ཉམས་ལེན།ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་མི་རིགས་ལག་ཤེས་བཟོ་རྩལ་བརྒྱུད་འཛིན་གླིང་བསྐྲུན་པ་དང་།གཟུགས་མེད་རིག་གནས་ཤུལ་བཞག་དབུལ་སྐྱོར་འཁོར་ཁང19བསྐྲུན་པར་མ་ཟད།ད་དུང་ཐོན་རྫས་འགྲེམས་ཚོང་ལྟེ་གནས་དང་ཡུལ་སྐོར་བ་ཞབས་ཞུའི་ས་ཚུགས་ལེ་ལག་བཟོས་ཡོད།
ཡུལ་སྐོར་བ་ཚོས་དེ་གར་ཟངས་ལུགས་རྒྱག་པ་དང་ལི་མ་ཟངས་རྡུང་བར་ལྟ་ཐུབ་པར་མ་ཟད།ད་དུང་ས་རྫ་བཟོ་བ་སོགས་ཉམས་ལེན་རྣམ་གྲངས་ནང་ཞུགས་ནས་ཁམས་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་བྱེད་ཐུབ།
སྨན་ཤོད་གྲོང་རྡལ་གྱི་འབྲེལ་ཡོད་འགན་འཁུར་མཁན་གྱིས་ཕྱིན་ཆད་ང་ཚོས་ད་དུང་གཟུགས་མེད་རིག་གནས་ཤུལ་བཞག་གཙོ་དོན་སྡོད་ཁང་བསྐྲུན་ནས་ཡུལ་སྐོར་བས་ལག་ཤེས་ཉམས་ལེན་ཐུབ་པར་མ་ཟད།བོད་གྲོང་དུ་བསྡད་ནས་བོད་ཟས་ལ་རོལ་མྱོང་ཐུབ་པ་བྱ་རྒྱུ་དང་། འབྱུང་འགྱུར་གཟུགས་མེད་རིག་གནས་ཤུལ་བཞག་དང་མཐོ་སྒང་ཞིང་ལས།གྲོང་སྡེ་ཡུལ་སྐོར་བཅས་མུ་མཐུད་མཉམ་འདྲེས་བྱས་ནས་ལོ་ངོ་སྟོང་གི་བོད་གྲོང་དུ་ལག་རྩལ་གྱི་དྲོད་ཚད་ཡོད་པར་མ་ཟད།ཡུལ་སྐོར་གྱི་ཚ་ཤུགས་ཀྱང་ལྡན་པར་བྱ་དགོས་ཞེས་བཤད་པ་རེད།།
( ཀུན་དགའ་བསམ་གཏན་གྱིས་བསྒྱུར།)