国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འབྲས་ལྡན་གྱི་དུས་བཟང་བསུ།ལོ་ལེགས་ཀྱི་འབྲས་བུ་སྨིན།

སྟོན་ཟླ་བརྒྱད་པའི་དྲི་ཞིམ་བསིལ་རླུང་ཁྲོད།།

ལོ་ལེགས་སྙེ་མའི་གསེར་མདོག་རྦ་རླབས་འཕྱུར།།

དཔལ་ཡུལ་ཞིང་པའི་གདོང་ལ་འཛུམ་མདངས་རྒྱས།།

སྟོན་སྡུད་ལས་ལ་བྲེལ་ཞིང་རེ་བས་ཁེངས།།

སྟོན་ཟླ་བརྒྱད་པའི་མཐོ་སྒང་ནི་ལོ་ཏོག་སྨིན་ཞིང་སྙེ་མ་གསེར་མདོག་གྱུར་ནས་རྦ་རླབས་འཕྱུར་བ་དང་མཚུངས། དཔལ་ཡུལ་རྫོང་འཛིང་ཁོག་ཡུལ་ཤོག་གི་ཞིང་ཁར་གང་ས་གང་དུ་འཕྲུལ་ཆས་ཀྱིས་ལས་ཀ་འགུལ་བཞིན་པ་དང་ཡུལ་མི་ཚོས་ལག་ལ་བཟོ་རྭ་བཟུང་ནས་ལོ་ཏོག་བརྔ་བསྡུའི་ལས་ལ་བྲེལ་བཞིན་ཡོད།

གནམ་གཤིས་བཟང་བའི་དུས་ཚོད་དམ་འཛིན་བྱས་ནས་གོ་རིམ་ལྡན་པའི་སྒོ་ནས་སྟོན་སྡུད་ལེགས་གྲུབ་བྱུང་བར་ཁག་ཐེག་བྱ་ཆེད། ཡུལ་མི་རྣམས་བྲེལ་བ་ཆེན་པོས་སྟོན་སྡུད་ལས་ཀ་འགུལ་བཞིན་ཡོད།

ལྗིད་ཏིག་ཐུར་དུ་སྒུར་བའི་སྙེ་མའི་ཚོགས།།

སྟོན་རླུང་འཇམ་པོས་ཐེངས་གཅིག་གཡོ་བ་ན།།

སྙེ་མའི་གསེར་མདོག་རྦ་རླབས་འཕྱུར་དང་འཁྲུལ།།

ལོ་ལེགས་བདག་པོ་སྤྲོ་བས་ཡིད་སེམས་ཚིམས།།

འཛིང་ཁོག་ཡུལ་ཤོག་གཡོག་བརྡ་གྲོང་སྡེའི་ཞིང་པ་ཤེས་རབ་ལྷ་མོས་ཞིང་ཁར་གྲོ་བག་ཆ་སྡོམ་ཞོར་ང་ཚོས་བསྡམས་ཚར་པའི་གྲོ་བག་ཆ་དག་ཞིང་ཁར་བཞག་ནས་སྐམ་དུ་འཇུག། སྐམ་རྗེས་འདྲུད་འཐེན་འཁོར་ལོར་བཅུག་ནས་ཁྱིམ་དུ་ཁུར་ནས་རྡུང་བ་དང་སྐམ་དུ་བཅུག་ནས་བང་མཛོད་དུ་བླུགས་པ་ཡིན་ཞེས་བཤད། འཕྲུལ་ཆས་ཀྱིས་བརྔ་བསྡུ་བྱས་པ་དང་། འབྲུ་རིགས་ཁུག་མ་ནང་བླུགས་པ། ཞིང་ནང་དུ་ལུས་པའི་སྙེ་མ་བསྡུས་པ་སོགས་ཁྱིམ་མི་སོ་སོའི་ལས་ཀ་བགོས་པ་དང་ཕན་ཚུན་གོ་བརྡ་མཐུན་པོ་སྒོས་ཡུན་རིང་མི་འགོར་བ་བརྔ་བསྡུ་ལས་ཀ་ལེགས་གྲུབ་བྱུང་། ཞིང་པ་ཤེས་རབ་ལྷ་མོའི་གདོང་ལ་འཛུམ་གྱིས་ཁེངས་པའི་ངང་ཉིན་འདི་དག་གི་རིང་ལ་གནམ་གཤིས་ཧ་ཅང་བཟང་འདུག། དེའི་རྐྱེན་གྱིས་ང་ཚོས་ཅི་མགྱོགས་གང་མགྱོགས་ཀྱིས་ལོ་ཏོག་བསྡུས་པ་ཡིན། ཁ་སང་དེ་རིང་ནི་ང་ཚོར་མཚོན་ན་ལོ་གཅིག་ནང་གི་ཆེས་བྲེལ་འཚུབ་ཆེ་བ་དང་དཀའ་ལས་ཆེ་བའི་དུས་ཚོད་ཡིན་མོད། འོན་ཀྱང་ད་ལོའི་ལོ་ཏོག་ཧ་ཅང་ཡག་པོ་འདུག། དཀའ་ལས་ཅུང་ཆེ་ནའང་སེམས་ནང་ཧ་ཅང་སྐྱིད་པོ་འདུག་ཅེས་བཤད།

ཉེ་བའི་ལོ་ཤས་རིང་། དཔལ་ཡུལ་རྫོང་གིས་དོན་དངོས་ལ་གཞི་ཚུགས་ནས་ས་གནས་ཀྱི་གནས་ཚུལ་དང་བསྟུན་ཏེ་ཞིང་ཁ་དོ་དམ་དང་། སོན་བཟང་གསོ་སྤེལ། ལག་རྩལ་མཉམ་འདྲེས་གཏིང་ཟབ་བཅས་ཀྱི་ཐད་མུ་མཐུད་དེ་འབད་བརྩོན་བྱས་ཏེ། ཐོན་སྐྱེད་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་། འབྲུ་རིགས་ཐོན་ཚད་བརྟན་པོའི་ངང་འཕེལ་བ། ཞིང་པའི་ཡོང་འབབ་ལ་འཕར་སྣོན་ཡོང་བ། ཡུལ་སྡེ་དར་རྒྱས་ཡོང་བར་རྒྱུན་ཆད་མེད་པར་གསོན་ཤུགས་བསྣན་ཡོད།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)