国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བཤེས་གཉེན་ལ་བསྟོད་པ་ སྙན་ཚིག་མེ་ཏོག་ཆུན་པོ།

ཀ་དར་མདངས་འོད་འཛིན་པའི་ལྷག་བསམ་ཅན།།

ཁ་ཏ་སློབ་གསོའི་ལེགས་བཤད་སྦྲུམ་པའི་མ།།

ག་དག་གཞན་དོན་གཞོལ་བའི་བྱང་ཆུབ་སེམས།།

ང་དང་ཁྱོད་ཀྱི་གཙུག་རྒྱན་བཤེས་གཉེན་ལགས།།

ཞི་དུལ་ཚུལ་མཐུན་ལུས་ཀྱི་འཁྲི་ཤིང་རྩེར།།

ངག་འཇམ་སྨྲ་བའི་ཁུ་བྱུག་མགྲིན་དབྱངས་རྩེན།།

ཕྱོགས་མེད་མཁྱེན་རབ་གྲིབ་བསིལ་སྟུག་པོ་ཡིས།།

སྐལ་ལྡན་རྨོངས་པའི་ཚ་ཟེར་བཅོམ་མཁན་རྨད།།

དྲི་བསུང་ཟེའུ་འབྲུའི་ཁུར་གྱིས་ཡོངས་དུད་པའི།།

མ་བསྐུལ་སྦྲང་ཚོགས་འཁོར་སའི་དགའ་ཚལ་བཞིན།།

ཤེས་བྱའི་ལང་ཚོའི་དཔྱིད་ཀྱི་དཔལ་བརྟས་པའི།།

མ་བསྡུས་ཤེས་ལྡན་དྲུང་དུ་སློབ་ཚོགས་འཁོར།།

ལྷག་བསམ་རི་ལ་གཞན་དོན་གྱིས་ཕྱུག་པས།།

དབྱར་གསུམ་ཆར་ཆུ་དགུན་གསུམ་གྲང་ངར་ཁྲོད།།

དཀའ་སྡུག་སྨུག་པའི་ཡོ་ལང་རབ་རྒོད་ཀྱང་།།

མདུན་སྐྱོད་གོམ་ཁ་མ་ལྷོད་བཤེས་གཉེན་རྒྱལ།།

འཁྲུལ་མེད་རྣམ་དཔྱོད་རྩལ་ལས་ཉེར་འཁྲུངས་པའི།།

ལེགས་བཤད་སྨྲ་བའི་ལྷ་ལམ་ཡངས་པོ་རུ།།

གོལ་བའི་ཆར་སྤྲིན་གུ་ཡངས་རྒྱུ་བའི་ས།།

ཏོག་ཙམ་ཡོད་རེ་སྐན་ནོ་སྨྲ་དབང་མཆོག།

མ་གུས་རྩིང་པོའི་ཚིག་གི་ཉག་ཕྲན་མདས།།

གང་ཞིག་ཡིད་ཀྱི་འབེན་ལ་རེག་གྱུར་ཀྱང་།།

ལྡོན་པ་འཛུམ་གྱི་རླབས་ཕྲེང་གཡོ་བ་ལས།།

བྱམས་པ་ཟེགས་མའི་མུ་ཏིག་ཅི་ཡང་འཐོར།།

ལྔ་རིག་ཤེས་བྱའི་སྦྲང་ཆར་བསིལ་མ་ཡིས།།

སྐལ་ལྡན་ཡིད་ཀྱི་འཛིན་མ་བརླན་བྱས་ཏེ།།

སྔར་མེད་ཤེས་རབ་མེ་ཏོག་རབ་བཞད་པས།།

ལེགས་བྲིས་སུམ་རྩེན་དགའ་བའི་འཛིན་པ་ལྷོད།།

༼ ཨ་བཙུན་གཡུང་དྲུང་བཀྲ་ཤིས། ༽