ཟླ་དགུ་པའི་བསིལ་རླུང་ཁྲོད་དུ་སྟོན་ཉམས་དང་བསྟུན་ནས་དགེ་རྒན་གྱི་དུས་ཆེན་དེ་འཇམ་ཐིང་ཐིང་ངང་འཇིག་རྟེན་འདིར་སླེབས།དམིགས་བསལ་བའི་ཉིན་མོ་འདི་ལ།ངའི་སེམས་སུ་བཀའ་དྲིན་དང་གུས་བཀུར་ཞུ་བའི་འདོད་འདུན་རྫོགས་མཐའ་མེད་པ་ཞིག་འཕྱུར།དགེ་རྒན་ལགས།ཁྱེད་ནི་མདུན་སྐྱོད་ཀྱི་ལམ་བུ་གསལ་བར་སྟོན་པའི་སྒྲོན་མེ་དེ་ཡིན།མཚན་མོ་ཅི་འདྲའི་སྨག་ནག་ནའང་།ཁྱེད་ཀྱིས་གནང་བའི་འོད་ཟེར་གྱིས་ཐོག་མཐའ་བར་གསུམ་དུ་ང་ཚོར་སྔོན་ཕྱོགས་སུ་སྐྱོད་པའི་ལམ་སྟོན་བྱེད་བཞིན་ཡོད།དགེ་རྒན་ལགས།ཁྱེད་ནི་དཔྱིད་རླུང་འཇམ་པོ་དང་འདྲ་བར།ང་ཚོའི་བློ་གྲོས་ཀྱི་མེ་ཏོག་བཞད་དུ་འཇུག།ཁྱེད་ནི་སྦྲང་ཆར་ཟིལ་མ་དང་མཚུངས་པར།ང་ཚོའི་ཤེས་བྱ་འཚོལ་བའི་ཞིང་ས་གཤིན་པོར་བབས་ཏེ་ཤེས་རིག་གི་མྱུ་གུ་རྒྱས་སུ་འཇུག།
ཕྱིར་དྲན་ཁྲོད་ནས་བརྗེད་ཐབས་མེད་པ་ནི།སློབ་ཁྲིད་བྱེད་དུས།ཁྱོད་ཀྱིས་རང་རྒྱུད་ལས་བྱུང་བའི་ཤེས་བྱའི་བཅུད་དེ་གསོན་ཉམས་ལྡན་པའི་ངག་ཚིག་དང་།ཕུན་སུམ་ཚོགས་པའི་ཉམས་མྱོང་སོགས་དང་འདྲེས་ཏེ་ང་ཚོར་བློ་རིག་གི་སྒོ་མོ་ཆུང་ཆུང་ཕྱེ་རོགས་བྱས།ཐ་སྙད་ཀྱི་གོ་དོན་རེ་རེ་དང་།ལོ་རྒྱུས་དུམ་བུ་རེ་རེ།ལེགས་རྩོམ་སྙིང་བསྡུས་རེ་རེ་བཅས་ཁྱེད་ཀྱི་འགྲེལ་བཤད་འོག་ནས་གོ་བ་ལེན་བདེ་ཞིང་ཉན་ན་སྤྲོ་བ་དང་ལྡན་པ་ཞིག་ཏུ་བསྒྱུར་ཏེ་ཤེས་རིག་གི་རྒྱ་མཚོའི་ཀློང་དུ་ཁྲིད་ཡོད།
ཁྱེད་ཀྱི་མིག་མདངས་ནང་།ཤེས་བྱར་བཅངས་པའི་དགའ་ཞེན་དང་ང་ཚོར་བཅངས་པའི་རེ་སྒུག་གིས་ཁེངས་ཡོད།དེ་ནི་སྒྲ་མེད་ཀྱི་སྐུལ་ལྕག་ཅིག་ཡིན་པས།ང་ཚོར་རྒྱུན་ཆད་མེད་པར་ཤེས་བྱ་གསར་པ་འཚོལ་ཞིབ་དང་ཉིན་བཞིན་ཡར་ཐོན་ཡོང་བར་སྐུལ་མ་གཏོང་བཞིན་ཡོད།སློབ་ཁྲིད་གྲོལ་ནའང་།ཁྱེད་ཀྱིས་ད་དུང་ངང་རྒྱུད་རིང་པོས་ང་ཚོའི་དོགས་གཞི་ལ་ལན་བཏབ་ཡོད།གནད་དོན་ཅི་འདྲའི་སྟབས་བདེའམ་རྙོག་འཛིང་ཆེ་ནའང་།ཁྱེད་ཀྱིས་ནམ་ཡང་སུན་སྣང་མེད་པའི་སྒོ་ནས་འཛུམ་མདངས་ཀྱིས་ཁེངས་བཞིན་ལན་བཏབ་ཡོད།
ཁྱེད་ཀྱི་བཀའ་སློབ་ནི་གསེར་གྱི་ལྡེ་མིག་ཅིག་དང་འདྲ་བར་ང་ཚོའི་དོགས་གནད་ཀྱི་བློ་སྒོ་ཕྱེ་ཡོད།ཁྱེད་ཀྱི་བློ་གྲོས་དང་གཅེས་སྐྱོང་ལ་བརྟེན་ནས་ང་ཚོར་རྣམ་ཤེས་གསར་པ་ཞིག་བཞེངས་བསྐྲུན་བྱས་ཏེ་ང་ཚོ་ནི་དེ་བས་ཡག་པའི་རང་ཉིད་ཞིག་ལ་འགྱུར་དུ་འཇུག་ཡོད།
ཁྱེད་ཀྱིས་རང་དཔེ་གཞན་སྟོན་གྱིས་རང་ཉིད་ཀྱི་གཏམ་སྤྱོད་ལ་བརྟེན་ནས་གཞུང་དྲང་དང་།སེམས་བཟང་།དྲང་བདེན།བློ་བརྟན་འགྱུར་མེད་བཅས་ལ་འགྲེལ་བཤད་བརྒྱབ་ཡོད།ཁྱེད་ཀྱིས་ང་ཚོར་མི་གཞན་པར་གཅེས་སྐྱོང་དང་།སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བའི་བསམ་པ་ལྡན་པ།རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་བརྩོན་བཅས་བྱེད་དགོས་པའི་སློབ་སྟོན་ཡང་ཡང་གནང་ཡོད།
ལོ་ཟླས་ཁྱེད་ཀྱི་བཞིན་མདངས་ལ་རྗེས་ཤུལ་བཞག་ཡོད་མོད།འོན་ཀྱང་ཁྱེད་རང་གི་འཛུམ་མདངས་ལ་སྔར་བཞིན་འོད་སྟོང་འཕྲོ་བཞིན་ཡོད།འདི་ནི་སློབ་བུ་ལ་ཕུལ་བའི་དཀའ་སྤྱད་དང་རེ་སྨོན་ལས་བྱུང་བ་ཞིག་ཡིན།
ཁྱེད་ཀྱིས་དེ་ལྟར་དཀའ་སྤྱད་དང་འབད་བརྩོན་གྱིས་སློབ་མ་རེ་རེ་དང་འཛིན་གྲྭ་རེ་རེས་ཕུལ་དུ་བྱུང་བའི་གྲུབ་འབྲས་བླངས་ཏེ་སློབ་གྲྭ་གཞན་དང་སྤྱི་ཚོགས་འཚོ་བའི་ལས་གནས་ཐོག་བསྐྱལ་ཟིན་མོད།འོན་ཀྱང་ཁྱེད་ཀྱིས་ད་དུང་ཐོག་མཐའ་བར་གསུམ་དུ་འཆད་སྟེགས་བརྟན་སྲུང་བྱས་ཏེ་གཟི་བརྗིད་ལྡན་པའི་བྱ་བ་སྟེ།ཁ་རོག་གེར་འབད་འབུངས་དང་སྒེར་སེམས་མེད་པའི་ངང་ནས་སློབ་བུ་སྐྱོང་བའི་ལེགས་སྐྱེས་འབུལ་བཞིན་ཡོད།འདི་ནི་གཟི་བརྗིད་ཀྱི་བྱ་བ་ཞིག་རེད།འདི་ནི་བསྟོད་འོས་པའི་བྱ་བ་ཞིག་ཀྱང་རེད།
དགེ་རྒན་གྱི་བྱ་བ་ནི་གླུ་དབྱངས་ཤིག་དང་འདྲ།ཅི་འདྲའི་སྙན་འཇེབས་དང་གཏིང་ཟབ་ལ་དོན་སྙིང་ལྡན་པ་ཞིག་རེད།དགེ་རྒན་གྱི་བཀའ་དྲིན་ནི་རྒྱ་མཚོ་དང་ཡང་འདྲ།དེ་འདྲའི་ཁོད་ཡངས་ཤིང་རྒྱ་ཆེ་བ་ཞིག་རེད།ཁྱེད་ཀྱིས་ཕུལ་བའི་དཀའ་སྤྱད་དང་ལེགས་སྐྱེས་སོགས་ང་ཚོས་ནམ་ཡིན་ཡང་སེམས་ལ་བརྟན་པོར་ངེས་ཡོད།
ཁྱེད་ལ་བཀའ་དྲིན་ཞུ།གུས་པར་འོས་པའི་དགེ་རྒན་ལགས།དམིགས་བསལ་གྱི་ཉིན་མོ་འདིར།ཁྱེད་ལ་བཀྲ་ཤིས་པའི་སྨོན་འདུན་གྱིས་ཁེངས་པར་སྨོན།ཁྱེད་ཀྱི་འཚོ་བ་ནི་ཉི་འོད་དང་འདྲ་བར་གཟི་བརྗིད་ལྡན་པ་དང་གཞན་གྱི་བསྟོད་སྒྲས་གང་བར་སྨོན།ཁྱེད་ཀྱི་རླབས་ཆེ་བའི་སློབ་གསོའི་བྱ་གཞག་ལ་སྔར་ལས་མཛེས་སྡུག་ལྡན་པའི་འོད་མདངས་འཕྱུར་བར་སྨོན།དགེ་རྒན་ལགས།
༼ ཉི་མ་རྡོ་རྗེ། ༽